ཀྲུང་གོ་བོད་ཀྱི་དྲ་བ།

“ལོ་ལྔ་ཚན་བཅུ་བཞི་པའི”རིང2000ལོའི་ལོ་མཇུག་གོང་བསྐྲུན་ཟིན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་བ་ཆུང་གྲས་སྒྱུར་བཀོད་ཀྱི་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་ཐུབ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་བརྡ་གཏོང་ཚོགས་འདུའི་ཐོག སྡོད་ཁང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་གཞོན་པ་ཧོང་ཡན་གྱིས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་ཆུང་གྲས་སྒྱུར་བཀོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ། འདི་ལོ་སྒྱུར་བཀོད་བྱ་རྩིས་ཡོད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་ཆུང་གྲས་ཁྲི3.9ཡི་ནང་ནས50%ཙམ་ལས་འགོ་ཚུགས་ཡོད་ཅེས་བརྗོད་པ་རེད།

ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་ཆུང་གྲས་སྒྱུར་བཀོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ཞིང་། སྒྱུར་བཀོད་ལས་འགན་དང་། སྒྲིག་འཛུགས་ལག་བསྟར་ལམ་སྲོལ། མ་དངུལ་འདོན་པའི་ལམ་སྲོལ་སོགས་ཀྱི་ཕྱོགས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་ཆུང་གྲས་སྒྱུར་བཀོད་ཀྱི“ཨར་ལས་ས་བཀྲ”གསལ་པོ་བཀོད་ཡོད།

སྒྱུར་བཀོད་ལས་འགན་ཐད་ནས་བལྟས་ན། 2000ལོའི་ལོ་མཇུག་གོང་འཛུགས་སྐྲུན་བྱས་པའི་སྡེ་ཁུལ་རྙིང་པ་ཆུང་གྲས་གཙོ་གནད་དུ་སྒྱུར་བཀོད་བྱ་རྒྱུ་ཡིན་ཞིང་། སྡོད་ཁང་འཛུགས་སྐྲུན་པུའུ་ཡིས་བརྟག་དཔྱད་མཐིལ་རྟོགས་བྱས་པ་བརྒྱུད། རྒྱལ་ཡོངས་སུ2000ལོའི་ལོ་མཇུག་གོང་འཛུགས་བསྐྲུན་ཟིན་པའི་ཁུལ་ཆུང་རྙིང་པ་ཧ་ལམ་ཁྲི22ཡོད་པའི་ཁྲོད་གྲོང་མི་དུད་ཚང་ཁྲི3900ཡོད། དེ་དག་ལས་འདི་ལོའི་སྒྱུར་བཀོད་འཆར་གཞི་བཀོད་ཟིན་པ་སྟེ། རིམ་ཁག་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ངོས་བཟུང་ནས་སྙན་སེང་ཞུས་ཏེ། 2020ལོར་རྒྱལ་ཡོངས་ཀྱི་སྒྱུར་བཀོད་བྱ་རྩིས་ཡོད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་ཆུང་གྲས་ཧ་ལམ་ཁྲི3.9ཡོད་པའི་ཁྲོད་གྲོང་མི་དུད་ཚང་ཁྲི700ཙམ་ཡོད། ཧོང་ཡན་གྱིས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཡོངས་སུ་ཧ་ལམ་སྡོད་ཁང་ཁྲི3500སྒྱུར་བཀོད་བྱེད་ཐུབ་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ2000ལོའི་ལོ་མཇུག་གོང་བསྐྲུན་པའི་སྒྱུར་བཀོད་བྱེད་དགོས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་ཆུང་གྲས་སྤྱིའི་ཆ་ནས་སྒྱུར་བཀོད་བྱེད་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

སྒྱུར་བཀོད་ནང་དོན་ཐད་ནས་བལྟས་ན། རྨང་གཞིའི་རིགས་དང་། འཐུས་ཚང་རིགས། རིམ་སྤོར་རིགས་བཅས་རིགས་གསུམ་ལ་ཕྱེ་ཡོད། རྨང་གཞིའི་རིགས་ཀྱི་གྲས་སུ་གྲོང་མིའི་གཞི་རྩའི་སྡོད་ཁང་གི་ཆ་རྐྱེན་དང་། སྡོད་ཁང་གི་བདེ་འཇཌ། རྒྱུན་གཏན་འཚོ་བ་འགན་ལེན་བཅས་ཀྱི་གཞི་རྩའི་སྒྲིག་ཆས་ཚུད་པ་དང་། འཐུས་ཚང་རིགས་ཞེས་པ་ནི་གྲོང་མིའི་ལེགས་བཅོས་རྣམ་པའི་འཚོ་བའི་དགོས་མཁོ་དང་འཚོ་བར་སྟབས་བདེ་བསྐྲུན་པའི་སྒྱུར་བཀོད་ཀྱི་ནང་དོན་ལ་ཟེར་བ་དཔེར་ན། གློག་སྐས་སྒྲིག་སྦྱོར་ལྟ་བུ། རིམ་སྤོར་རིགས་ཞེས་པ་ནི་གཙོ་བོ་རྒན་གསོ་དང་བཅོལ་གསོ་སོགས་གྲོང་ཁྱེར་གྱི་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ལ་ཟེར་གྱི་ཡོད།

མ་དངུལ་འདོན་པའི་ལམ་སྲོལ་ཐད་ནས་བལྟས་ན། རེས་སྐོར་འདིའི་སྡེ་ཁུལ་རྙིང་པ་ཆུང་གྲས་སྒྱུར་བཀོད་ཀྱི་མ་དངུལ་གཏོང་འགན་སྲིད་གཞུང་དང་། གྲོང་མི། སྤྱི་ཚོགས་ཀྱི་སྟོབས་ཤུཌ་བཅས་ཀྱིས་ལུགས་མཐུན་ངང་མཉམ་དུ་འཁུར་རྒྱུ་ཡིན་པ་སྟེ། རྨང་གཞིའི་རིགས་ཀྱི་སྒྱུར་བཀོད་ལ་སྲིད་གཞུང་གིས་མ་དངུལ་བཏང་ནས་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་དང་། འཐུས་ཚང་རིགས་ཀྱི་སྒྱུར་བཀོད་ལ་གྲོང་མིས་མ་དངུལ་གཏོང་རྒྱུ། རིམ་སྤོར་རིགས་ཀྱི་སྒྱུར་བཀོད་ལ་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་རྒྱུའི་ལྕག་སྐུལ་བྱ་རྒྱུ་བཅས་རེད།

ནོར་སྲིད་པུའི་ཕྱོགས་བསྡུས་སིའི་འགན་འཁུར་བ་ཀྲའོ་ཀྲེ་ཧུང་གིས། 2020ལོར་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར303བཀོད་སྒྲིག་བྱས་ནས་ས་གནས་ཀྱི་སྡེ་ཁུལ་རྙིང་པ་ཆུང་གྲས་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། མིག་སྔར་ཚང་མ་གཤམ་སྤྲོད་བྱས་ཡོད། དེ་དང་ཆབས་ཅིག་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཁག་གི་ནོར་སྲིད་ལ་དེ་མཚུངས་ཀྱི་མ་དངུལ་གྱི་རོགས་སྐྱོར་བྱས་ཏེ། སྡེ་ཁུལ་རྙིང་པ་ཆུང་གྲས་སྒྱུར་བཀོད་བྱ་རྒྱུ་དེ་གཞུང་ཁོངས་སྡོད་ཁང་ཕྱིར་ཚོང་ཡོང་འབབ་ཀྱི་བསགས་འབོར་མ་དངུལ་གྱི་བེད་སྤྱོད་ཁྱབ་ཁོངས་ནང་འཇུག་དགོས་པ་དང་། སྡོད་ཁང་གི་སྡེ་ཁུལ་དང་འབྲེལ་བ་ཡོད་པའི་རིགས་ཁག་གི་མ་དངུལ་སྤྱི་འདོམས་བེད་སྤྱོད་བྱེད་དགོས་པ། ས་གནས་སྲིད་གཞུང་གིས་ཆེད་དོན་བུན་འཛིན་བཀྲམ་སྟེ་སྡེ་ཁུལ་རྙིང་པ་ཆུང་གྲས་སྒྱུར་བཀོད་མ་དངུལ་གྲབས་གསོག་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།