ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་ནན་བྱང་རྒྱུད་དུ་དྲག་ཆར་བབས་ནས་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཡོ་ནན་བྱང་རྒྱུད་དུ་དྲག་ཆར་བབས་ནས་ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་ཐོན་ནས་ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་གསུམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།

ཡོ་ནན་གྱི་རང་བྱུང་གནོད་འཚེ་སྔོན་འགོག་ཀྲུང་དབྱང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པའི་བར་གནོད་འཚེ་ཕོག་ཚབས་ཅུང་ཆེ་བའི་ཡོ་ནན་བྱང་རྒྱུད་ཀྱི་ཧོ་ཅང་ཞིང་ཆེན་གྱི་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་གཉིས་ལ་རྨས་སྐྱོན་ཕོག་པ་རེད། ཀའོ་ཕིང་ཞིང་ཆེན་དུ་མི་གཅིག་ལ་རྨས་སྐྱོན་ཕོག་ཡོད།

གཞན་ཡང་ཆུ་ལོག་གིས་ཁང་པ་བསྟར་མ་ལྔ་བརྒྱ་ལྷག་ཙམ་དང་ས་ཞིང་སྤྱི་ཆིང་ཉིས་བརྒྱ་ལྷག་ཙམ་ཆུས་བསྣུབས་པར་མ་ཟད། ཆུ་ལོག་དང་རི་ཉིལ་ནས་ས་གནས་དེ་གའི་འགྲོ་ལམ་མང་པོ་བཀག་པ་དང་ཆུ་གློག་ས་ཚིགས་གཉིས་འཁོར་སྐྱོད་བྱེད་མཚམས་བཞག་པ་རེད།

ད་ལོའི་ཟླ་དང་པོ་ནས་ཟླ་དྲུག་པའི་བར། རྒྱ་མཚོའི་རླུང་འཚུབ་དང་ཆུ་ལོག རི་ཉིལ་བ་སོགས་རང་བྱུང་གནོད་འཚེ་ལས་ཡོ་ནན་རྒྱལ་ཡོངས་ཀྱི་མི་ཞེ་བདུན་རྐྱེན་ལམ་དུ་ཤོར་བ་དང་། དཔལ་འབྱོར་གྱོང་གུད་ཚབས་ཆེན་ཐེབས་ཚད་ཡོ་སྒོར་ཁྲག་ཁྲིག་ཆེན་མོ་གསུམ་དང་ཁྲག་ཁྲིག་བཞི་ལ་ཉེ་ཞིང་། དེ་ནི་ཨ་སྒོར་དུ་བཀུགས་ན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་བདུན་ཙམ་ཟིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།