ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་སོ་སོས་ཞོད་འགོག་རྒུད་སྐྱོབ་ཀྱི་བཀོད་སྒྲིག་ཐད་ཤུགས་བསྣན།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།     སྤེལ་དུས། : 2020-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔར། རྒྱལ་ཡོངས་ཀྱི་ཆུ་ལོག་འགོག་པའི་གནས་བབ་ཚབས་ཆེ་བས། རྒྱལ་ཁབ་ཞོད་འགོག་སྤྱིའི་བཀོད་འདོམས་པུའུ་དང་། འཕྲལ་བསྟུན་དོ་དམ་པུའུ། ཆུ་བེད་པུའུ་སོགས་སྡེ་ཁག་གིས་བཀོད་སྒྲིག་ལ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་ཞོད་འགོག་རྒུད་སྐྱོབ་བྱས།

ཆུ་བེད་པུའུ་ཡིས་བསྒྲགས་རྒྱུར། ཧོད་ཧི་གཙང་བོའི་ཝང་ཅ་ཆུ་རགས་ཀྱི་ཆུ་རྒྱས་ཚད་ཉེན་ཟོན་གྱི་ཚད་ལས་བརྒལ་ནས་དལ་མོར་རྒྱས་ཏེ་ཁག་ཐེག་གི་ཚད་ལ་ཉེ་བ་དང་། ཐེ་ཧུའུ་མཚེའུའི་ཆུ་ཡང་སྔར་ལས་རྒྱས་ཡོད་ལ། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ལོག་གཉིས་པ་བསྟུད་མར་འགག་གསུམ་ཆུ་མཛོད་དུ་བཞུར་བས། ཆུ་ལོག་འགོག་པའི་གནས་བབ་ཧ་ཅང་ཚབས་ཆེ་ཟེར།

ཚེས་བཅུ་དགུ་ཉིན་གྱི་དུས་ཚོད་བཅུ་གཉིས་བར་དུ། ཡུན་ནན་གྱི་འབྲི་ཆུའི་ཧྲི་ཀུའུ་བཞུར་རྒྱུད་དང་། ཧུའུ་པེའི་ཧྥུའུ་ཧྲོས་ཆུ་བོ། ཅང་ཞིའི་ཞིག་ཧྲོས་ཆུ་བོ། ཨན་ཧོས་ཀྱི་ཁྲུའུ་ཧི་ཆུ་བོ། ཅང་སུའུ་ཡི་ཆིན་ཧད་ཧི་ཆུ་བོ་སོགས་ཆུ་བོ་བརྒྱ་དང་སོ་གསུམ་གྱི་ཆུ་རྒྱས་ཏེ་ཉེན་ཟོན་གྱི་ཚད་ལས་བརྒལ། དེའི་ནང་དུ་ཧུའུ་པེའི་ཧྥུའུ་ཧྲོས་ཆུ་བོ་དང་ཨན་ཧོས་ཀྱི་ཁྲུའུ་ཧི་ཆུ་བོ་སོགས་ཆུ་བོ་བཞི་བཅུའི་རྒྱས་ཚད་ཁག་ཐེག་གི་ཚད་ལས་བརྒལ་ཡོད།

འཕྲལ་བསྟུན་དོ་དམ་པུའུ་ཡིས་ཚེས་བཅུ་དགུ་ཉིན་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་སྔོན་བརྡ་བཏང་བ་ལྟར་ན། ཚོད་དཔག་བྱས་ཚེ་ཚེས་ཉི་ཤུ་ནས་ཉེར་གཉིས་ཉིན་བར། འབྲི་ཆུའི་ཡན་ལག་ཆུ་བོ་དང་། ཏུང་ཐེན་མཚེའུ། ཕན་ཡང་མཚེའུ། ཐེ་ཧུའུ་མཚེའུ་བཅས་ཀྱི་ཆུ་སྔར་བཞིན་རྒྱས་ངེས་ལ། ཧུའུ་པེ་དང་ཧུའུ་ནན། ཅང་ཞི། ཨན་ཧོས། ཅང་སུའུ་སོགས་སུ་བསྟུད་མར་འཁྱིལ་ཆུའི་གནོད་སྐྱོན་འབྱུང་ངེས་པས། ཆུ་རགས་དང་མཚོ་རགས་ཀྱི་ཉེན་ཁ་འགོག་པར་སྔར་ལས་ཤུགས་སྣོན་དགོས།

རྒྱལ་ཁབ་ཞོད་འགོག་གཞུང་སྒྲུབ་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཞོད་འགོག་གི་ཐོན་ཁུངས་རིགས་སོ་སོ་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་དང་། ས་ཁོངས་གཙོ་བོའི་འཚོལ་སྐྱོབ་སྐོར་བཤེར་ལ་ཤུགས་བསྣན་ནས། སྤྱི་ཚོགས་འཕྲལ་བསྟུན་སྟོབས་ཤུགས་དང་བཟོ་སྐྲུན་ཉེན་སེལ་དཔུང་སྡེ་སོགས་སྟོབས་ཤུགས་སྣ་ཚོགས་ཉེན་སེལ་རྒུད་སྐྱོབ་ལ་ཞུགས་པར་གཅིག་གྱུར་གྱིས་རྩ་འཛུགས་དང་ཁྲིད་སྟོན་བྱེད་དགོས་པའི་རེ་བ་བཏོན།

ཀྲུང་དབྱང་གནམ་གཤིས་བརྟག་དཔྱོད་ཁང་གིས་ཚེས་བཅུ་དགུ་ཉིན་མུ་མཐུད་དུ་དྲག་ཆར་གྱི་ཉེན་བརྡ་བཏང་ནས། ས་ཁུལ་སོ་སོས་དོགས་ཟོན་བྱ་དགོས་པའི་གསལ་འདེབས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།