ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་འགག་ངོགས་གཉིས་ཀྱི་ཀྲུང་ཧྲན་གླེང་སྟེགས་སྐབས བཞི་པ་ཀོང་ཏུང་ཀྲུང་ཧྲན་དུ་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས17ཉིན་གྱི་དགོང་མོར། མཚོ་འགག་ངོགས་གཉིས་ཀྱི་ཀྲུང་ཧྲན་གླེང་སྟེགས་སྐབས་བཞི་པ་ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། དེ་ནི་འདི་ལོའི་མཚོ་འགག་ངོགས་གཉིས་ཀྱི་སྤེལ་རེས་བྱེད་སྒོ་གལ་ཆེན་ཐོག་མ་རེད། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལི་ཞི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་། ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ལིའུ་ཅེ་དབྱིས་བརྙན་ལམ་སྦྲེལ་མཐུད་བརྒྱུད་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་པ་རེད། མཚོ་འགག་ངོགས་གཉིས་དང་དེ་བཞིན་ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་ལས་རིགས་ཁག་གི་མི་སྣ2000ལྷག་ཙམ་གདན་ཞུས་ལྟར་གླེང་སྟེགས་ལ་ཞུགས་པ་རེད།

གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་དེ་ས་གནས་ས་ཐོག་དང“སྤྲིན་ཚོམ་གླེང་སྟེགས”ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་གཉེར་བ་དང་། ཀོང་ཏུང་ཞིང་ཆེན་གྱི་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་21དང་ཐའེ་དབན་ས་ཁུལ་དུ་ཡན་ལག་ཚོགས་ར་བཙུགས་ཤིང་། “ཀྲུང་ཧྲན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་མི་རིགས་བསྐྱར་དར་ཐུན་མོང་ཐོག་དོན་གཉེར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས། “ཐའེ་དབན་གྱི་ཚོང་པ་ཁུག་ཆེན་ཁུལ་དུ་མཉམ་འདྲེས་བྱེད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་དང་། ཀྲུང་ཧྲན་གྱི་སྙིང་སྟོབས་དང་མི་རིགས་བསྐྱར་དར་གྱི་བགྲོ་གླེང་ཚོགས་འདུ། ངོགས་གཉིས་ཀྱི་གཞོན་ནུའི་ཞིབ་འཇུག་ཟབ་སྦྱོང་སྒར་ས། “ཀྲུང་ཧྲན་བུམ་པའི”ཁུག་ཆེན་ཁུལ་གྱི་ཐའེ་དབན་ཁེ་ལས་ཀྱི་ལེ་ཆིའུ་སྤོ་ལོའི་གདན་ཞུས་འགྲན་བསྡུར། སུན་ཀྲུང་ཧྲན་གྱི་རིག་གནས་ལོ་རྒྱུས་རྗེས་ཤུལ་ལ་ཡུལ་སྐོར་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

འགོ་ཚུགས་མཛད་སྒོའི་ཐོག ལིའུ་ཅེ་དབྱིས་སྐུ་ཞབས་སུན་ཀྲུང་ཧྲན་སྐུ་གཤེགས་ནས་ལོ95འཁོར་བའི་སྐབས་འདིར། ངོགས་གཉིས་ཀྱི་སྤུན་ཟླས་སྐུ་ཞབས་ཀྲུང་ཧྲན་གྱི་ཕ་ཡུལ་དུ་སྐབས་འདིའི་ཀྲུང་ཧྲན་གླེང་སྟེགས་གཟབ་རྒྱས་ངང་གཉེར་ནས། སྐུ་ཞབས་ཀྲུང་ཧྲན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྲུང་སྐྱོང་དང་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་ལ་ཐུན་མོང་ཐོག་ཤུགས་རྒྱག་དགོས། ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་ནི་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་དང་འཁྲུག་རྐྱེན་སློང་བའི་བྱེད་སྤྱོད་ལ་བཀག་འགོག་མཐའ་གཅིག་ཏུ་བྱས་ཚེ། རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བའི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གཞི་ནས་རྩ་བའི་རང་བཞིན་གྱི་འགན་ལེན་བྱེད་ཐུབ་ལ། ཐའེ་དབན་ལ་གཞི་ནས་འོད་ཟེར་སྟོང་ལྡན་གྱི་འབྱུང་འགྱུར་ཡང་ལྡན་པ་ཡིན། ངོགས་གཉིས་ཀྱི་སྤུན་ཟླའི་སྤེལ་རེས་དང་མཉམ་ལས་ལ་སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་བཀག་འགོག་བྱེད་ཐབས་བྲལ་བ་དང་། མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་དུས་རབས་གསར་པར་ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་པའི་ཐབས་ལམ་གལ་ཆེན་ཞིག་རེད། ཀྲུང་ཧྭ་མི་རིགས་ཀྱི་དཀའ་སྤྱད་མདུན་སྐྱོད་དང་གོམ་སྟབས་ཆེན་པོས་རླབས་ཆེན་བསྐྱར་དར་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་འགག་རྩའི་སྐབས་སུ། ངོགས་གཉིས་ཀྱི་སྤུན་ཟླས་དུས་རབས་གསར་པར་གཞི་ཚུགས་པ་དང་ཕྱར་བ་གྲུ་འདེགས་ཀྱིས་ཐུན་མོང་ཐོག་མི་རིགས་བསྐྱར་དར་དང་རྒྱལ་ཁབ་གཅིག་གྱུར་གྱི་ལེའུ་གསར་པ་རྩོམ་དགོས་ཞེས་གསུངས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།