ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འབྲུབ་འགོག་གེགས་སེལ་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་བརྡ་ཐོ་བཀྲམ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས《འབྲུབ་འགོག་གེགས་སེལ་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་ནང་དོན་ཆ་ཚང་གཤམ་གསལ་ཏེ།

ཉེ་དུས་འབྲི་ཆུ་དང་ཧོའེ་ཧོ་གཙང་པོ་སོགས་འབབ་རྒྱུད་དང་ཏུང་ཐིང་མཚེའུ་དང་། ཕན་དབྱང་མཚེའུ། ཐེ་ཧུའུ་མཚེའུ་སོགས་ཉེན་ཟོན་ལས་བརྒལ་བའི་ཆུ་ཁར་སླེབས་པ་དང་ཁྲུང་ཆིང་དང་། ཅང་ཤིས། ཨན་ཧུའེ། ཧུའུ་པེ། ཧུའུ་ནན། ཅང་སུའུ། ཀྲེ་ཅང་། ཀུའེ་ཀྲོའུ་སོགས་སུ་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་ཐོན་ནས་མི་སྣ་འཆི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཕོག་པས་འབྲུབ་འགོག་དུས་བབ་ཧ་ཅང་ཛ་དྲག་པོ་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུབ་འགོག་གེགས་སེལ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ད་ཆ་འབྲུབ་འགོག་གེགས་སེལ་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་སྐོར་གྱི་འབྲེལ་ཡོད་དོན་ཚན་ཐད་བརྡ་ཐོ་བཀྲམ་པ་གཤམ་གསལ་ཏེ།

གཅིག གནོད་འཚེ་ཕོག་ཁུལ་གྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་འཐབ་ས་དང་པོར་བསྐྱོད་པ་དང་མདུན་ཕྱོགས་སུ་བཀོད་འདོམས་བྱེད་དགོས་ཤིང་། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ཧ་ཅང་འགན་ཁུར་བའི་སྙིང་སྟོབས་ཐོག་ནས་འགན་འཁྲི་གཙང་སྒྲུབ་དང་ལས་འགན་སྒྲུབ་ཕོད་པ་བྱས་ཏེ་བྱེད་ཐབས་ནུས་ལྡན་སྤྱད་ནས་གནོད་འཚེའི་གནས་ཚུལ་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་འབད་བརྩོན་ཆེ་ཤོས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། རང་དཔེ་གཞན་སྟོན་དང་མང་ཚོགས་ཀྱི་མདུན་དུ་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་གནོད་འཚེ་ཕོག་ཚབས་ཆེ་ཤོས་དང་། མྱུར་སྐྱོབ་ཀྱི་དཀའ་ངལ་ཆེ་ཤོས། མང་ཚོགས་ལ་དགོས་མཁོ་ཆེ་ཤོས་བཅས་ཀྱི་སར་བསྐྱོད་དེ་ས་གནས་ས་ཐོག་ཏུ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་དངོས་ཡོད་གནད་དོན་ཐག་གཅོད་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་དམངས་མང་ཚོགས་སྒྲིག་འཛུགས་དང་སྣེ་འཁྲིད་དེ་ནུས་ཤུགས་ཡོད་རྒུས་ཉེན་སྐྱོབ་གེགས་སེལ་ལས་དོན་ཡག་པོ་བསྒྲུབས་ཐོག་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ་དང་གཞི་རྩའི་འཚོ་བ་འགན་ལེན་བྱེད་དགོས་པ་དང་། གེགས་རྗེས་བསྐྱར་སྐྲུན་ཧུར་ཐག་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཡོང་བ་བྱས་ཏེ་འབྲུབ་འགོག་གེགས་སེལ་གྱི་དམག་འཐབ་དྲག་པོ་དེར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། གནོད་འཚེ་ཕོག་པའི་ས་ཁུལ་དབུལ་པོར་འབྲུབ་འགོག་གེགས་སེལ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུ་ཟུང་འབྲེལ་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་དང་ཟུང་འབྲེལ་ཡག་པོ་བྱས་ཐོག་གནོད་འཚེ་ཕོག་ཚུལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་གནོད་འཚེས་རྐྱེན་པས་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་དང་ཁང་པ་དུས་ཚོད་དམ་འཛིན་ངང་ཉམས་གསོ་བྱས་ཏེ། གནོད་འཚེ་ཕོག་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་ཡག་པོ་བྱས་ནས་གནོད་འཚེས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་པོ་རང་ལོག་མི་ཡོང་བ་བྱེད་དགོས་པ་དང་།

གཉིས། གནོད་འཚེ་ཕོག་པའི་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་དང་འབད་འཐབ་ཆེན་པོས་གེགས་འགོག་བྱེད་དགོས། གནོད་འཚེའི་གནས་ཚུལ་བཀའ་རྒྱར་བརྩི་བ་དང་འབྲུབ་འགོག་གེགས་སེལ་བྱ་རྒྱུ་དེང་སྐབས་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ་ངལ་དུབ་ལ་མི་སྐྲག་པ་དང་བསྟུད་མར་དམག་འཐབ་བྱེད་པའི་སྤྱོད་ཚུལ་དར་སྤེལ་བཏང་ཐོག་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་འཁྲིད་དེ་ཞོད་སྐྱོན་གྱི་གནོད་འཚེ་ལས་རྣམ་པར་རྒྱལ་བའི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་སྐྲུན་དགོས། འགན་གཙང་འགན་ལེན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་ཀྱིས་འགོག་སྲུང་བརྟན་པོ་བྱེད་པ་དང་རེས་མོས་ལས་རེས་དང་། ལྟ་ཞིབ་ཚད་འཇལ་གྱི་སྔོན་བརྡ་གཏོང་བ། ཆུ་རགས་དང་ཆུ་མཛོད་ལ་སྐོར་ཞིབ། འཕྲལ་སྡོམ་ཐག་གཅོད་སོགས་ལ་ཤུགས་སྣོན་བརྒྱབ་ནས་རིགས་ཁག་གི་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས། “ཏང་ཡོན་འཕྲལ་རྒོལ་རུ་ཁག”འཛུགས་པ་དང་། “ཏང་ཡོན་གྱི་འགན་འཁྲིའི་ཆུ་རགས”བསྐྲུན་པ། “ཏང་ཡོན་གྱི་འབྲེལ་གཏུག་དུད་ཚང”གི་ལས་དོན་སྤེལ་བ་སོགས་ཀྱི་བྱེད་སྟངས་བརྒྱུད་ཏང་ཡོན་སྒྲིག་འཛུགས་ཀྱིས་འཐབ་ས་དང་པོར་གདོང་མཆོང་བྱེད་པ་དང་གཡུལ་ས་མདུན་མར་དམག་འཐབ་བྱས་ནས་མང་ཚོགས་ཀྱི་རྟེན་ས་དང་སྙིང་ཉེ་བར་འགྱུར་བར་བྱེད་དགོས། ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་ས་ཆ་དེ་རང་དུ་འབྲུབ་འགོག་གེགས་སེལ་རུ་ཁག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་ལས་ཁུངས་ཀྱི་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་བསྐྱོད་ནས་ཉེན་ཁའི་དུས་སྐབས་སུ་བྱ་སྤྱོད་དངོས་ལ་བརྟེན་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་ཡིད་ཆེས་འཕེལ་བ་དང་། གནོད་འཚེ་ལས་རྣམ་པར་རྒྱལ་བ། དཀའ་གནད་ལས་སྒྲོལ་བ་བཅས་བྱ་རྒྱུར་སྐུལ་ཁྲིད་བྱེད་དགོས་པ།

གསུམ། གནོད་འཚེ་ཕོག་ཁུལ་མིན་པའི་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་གེགས་ཁུལ་ལ་སེམས་ཁྲལ་བྱེད་པ་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་བྱ་སྤྱོད་ཧུར་ཐག་སྤེལ་ནས་ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཚན་པ་དེ་ག་བཅས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་གེགས་ཁུལ་གྱི་གེགས་འགོག་གེགས་སེལ་དང་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱ་རྒྱུར་རོགས་རམ་དང་རྒྱབ་སྐྱོར་བྱས་ཐོག་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་གང་ལེགས་ཚོར་བར་བྱེད་དགོས། ཆུ་བེད་དང་། གློག་ཤུགས། འགྲིམ་འགྲུལ། འཕྲིན་གཏོང་། འཕྲལ་སྡོམ་དོ་དམ། དངོས་རྫས་འགན་ལེན་སོགས་སྡེ་ཚན་དང་ཚན་པའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་ལེགས་ཆ་འདོན་སྤེལ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་གེགས་ཁུལ་ལ་རྒྱབ་སྐྱོར་བྱས་ཐོག་འབྲུབ་འགོག་གེགས་སེལ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པ།

བཞི། རིམ་ཁག་ཏང་ཨུད་ཀྱི་རྩ་འཛུགས་སྡེ་ཚན་གྱིས་རང་འགུལ་ངང་འགན་འཁྲི་སྒྲུབ་པ་དང་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་དགོས་ཤིང་། གཞི་རིམ་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན། ལས་བྱེད་པ་བཅས་སྒྲིག་འཛུགས་དང་སྐུལ་སློང་གིས་གེགས་སེལ་གྱི་འཐབ་ས་དང་པོར་གདོང་མཆོང་བྱས་ཏེ་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཁྲོད་ནུས་ཤུགས་ཡོད་རྒུས་ཞུགས་དགོས།

འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱེད་པ་དང་། འབྲུབ་འགོག་གེགས་སེལ་ཁྲོད་ཀྱི་ལས་དོན་སྤེལ་ཚུལ་ལས་བྱེད་པར་གདེང་འཇོག་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་བ་དང་། གཞི་རིམ་ཏང་རྩ་འཛུཌ་ལ་མཛུབ་ཁྲིད་ཀྱིས་ཏང་ཞུགས་ཧུར་བརྩོན་ཅན་ཤེས་རྟོགས་དང་ཚོད་བགམ་བྱེད་པ་དང་། ལས་དོན་སྤེལ་ཚུལ་འབུར་དུ་ཐོན་པ་དང་ཆ་རྐྱེན་མཐུན་རིགས་དུས་ཐོག་ཏུ་ཏང་ནང་འཇུག་དགོས། འབྲུབ་འགོག་གེགས་སེལ་ཁྲོད་ཐོན་པའི་གཞི་རིམ་ཏང་རྩ་འཛུགས་དང་། ཏང་ཡོན། ལས་བྱེད་པ་བཅས་ཀྱི་སྔོན་ཐོན་དཔེ་མཚོན་སྔོག་འདོན་ལ་མཐོང་ཆེན་དང་། དུས་ཐོག་ཏུ་བསྔགས་བརྗོད། དྲིལ་བསྒྲགས་བཅས་བྱས་ཏེ། སྨྱན་སྦྱོར་སྣ་ཚོགས་བརྒྱུད། ཁོང་ཚོའི་མི་སེམས་འགུལ་བའི་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཐོག དཀའ་ཉེན་ལ་མི་སྐྲག་པ་དང་། རྒྱལ་ཁ་ལེན་ཕོད་པ། འབད་བརྩོན་ཆེན་པོས་གདོང་མཆོང་བྱེད་པ་བཅས་ཀྱི་རྣམ་པ་ཟབ་མོ་གཏོད་དགོས། འབྲུབ་འགོག་གེཌ་སེལ་གྱི་འཐབ་ས་དང་པོའི་ཏང་ཡོན་དང་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་གཞུང་དོན་ཆེད་སྐུ་གཤེགས་པའི་ཏང་ཡོན་དང་ལས་བྱེད་པའི་ནང་མིར་དུས་ཐོག་ཏུ་འཆི་གོད་གྱོང་གསབ་སྤྲོད་པ་དང་འཚམས་འདྲི་བྱས་ཏེ། ཁོང་ཚོའི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་དགོས་པ་བཅས་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།