ཀྲུང་གོ་བོད་ཀྱི་དྲ་བ།

2019ལོར་རང་རྒྱལ་གྱི“གསར་གསུམ”དཔལ་འབྱོར་གྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་ཁྲི16ལས་བརྒལ་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “ད་ཆ་འཚོ་བ་ཡག་པོ་ཡོད་པས། ཨ་མ་ལགས་ཀྱི་གཤགས་བཅོས་ཀྱི་སྨན་རིན་ཧ་ལམ་གྲ་སྒྲིག་ཚར་སོང”ཞེས་ལོ24ལ་སླེབས་པའི་མངགས་སྐྱེལ་བ་ལི་སུང་གིས་བརྗོད། ལི་སུང་ནི་ཡུན་ནན་ཞིང་ཆེན་ཀྲོའུ་ཐུང་གྲོང་ཁྱེར་ཀྲེན་ཞུང་རྫོང་མུ་ཞང་གྲོང་རྡལ་གྱི་རྒྱལ་ཁབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་རེད། ནད་གཞི་ལྕི་པོ་ཕོག་པའི་ཨ་མར་ལྟ་རྟོག་བྱེད་བདེ་བ་དང་ཁྱིམ་ཚང་གི་བུ་ལོན་འཇལ་ཆེད་ན་ནིང་ལི་སུང་མོས་ཚོགས་མངགས་སྐྱེལ་དཔུང་ཁག་ནང་ཞུགས་པ་རེད། “ད་ཆ་ཟླ་བ་གཅིག་ལ་ཡོང་འབབ་སྒོར་བརྒྱད་སྟོང་ཙམ་འདུག འདི་ལོ་བུ་ལོན་འཇལ་ཐུབ་པ་འདུག”ཅེས་བརྗོད་བྱུང་།

འདི་ལོའི་ཟླ6པའི་ཚེས28ཉིན་མོས་ཚོགས་ཀྱིས“འགོ་ཚུགས་འཆར་གཞི་གསར་པ”ལག་བསྟར་བྱས་ཏེ2014ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་རྫོང་དབུལ་པོ832ལ་སླར་ཡང་མངགས་སྐྱེལ་ལས་གནས་ཁྲི20མཁོ་འདོན་བྱས་པ་རེད། ལི་སུང་གིས་འོས་འགན་དྲིལ་བསྒྲགས་པ་ཞིག་བྱས་ཏེ་ཕ་ཡུལ་གཅིག་པའི་ཡུལ་མི་ཚོ་རང་ཁྱིམ་གྱི་སྒོ་རྩ་ནས་དབུལ་སྒྲོལ་ཐུབ་རྒྱུར་སྣེ་ཁྲིད་བྱས་པ་རེད། “ཕྱིས་སུ་དངུལ་བསགས་ནས་ལུས་སྦྱོང་ཁང་ཞིག་འཛུགས་རྩིས་ཡོད། འབད་འཐབ་བྱེད་ཕོད་ན། མི་ཚང་མས་རང་ཉིད་ཀྱི་ཕུགས་འདུན་སྒྲུབ་ཐུབ”ཅེས་བརྗོད་བྱུང་།

ལི་སུང་གི་ལས་གནས་གསར་པ་ནི་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཁྲོད་དར་བའི་མངགས་སྐྱེལ་ཐོན་ལས་ཤིག་རེད། ན་ནིང་གི་ལོ་མཇུག་བར་ཀྲུང་གོའི་མངགས་སྐྱེལ་འཛད་སྤྱོད་པའི་གཞི་ཁྱོན་མི་གྲངས་དུང་ཕྱུར4.6ཟིན་པ་དེས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་གྱི་ཕྱེད་ཀ་ལས་བརྒལ་ཡོད། བཟའ་བཏུང་མངགས་སྐྱེལ་ཐོན་ལས་ཀྱི་ཡོང་འབབ་ཀྱང་སྒོར་དུང་ཕྱུར6536ཟིན་པ་དེ2018ལོ་ལས39.3%འཕར་ཏེ་བཟའ་བཏུང་ལས་རིགས་ཀྱི་འཛད་སྤྱོད་འཕར་བའི་སྣེ་འདྲེན་གལ་ཆེན་དུ་གྱུར་ཡོད་པ་རེད།

དབྱར་མཚོ་རྒྱས་པ་ལྟར་གྱི་མངགས་སྐྱེལ་ལས་རིགས་ནི་ཀྲུང་གོའི“གསར་གསུམ”དཔལ་འབྱོར་གྱི་བསྡུས་རིས་ཙམ་ཤིག་རེད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ7ཚེས7ཉིན་ཁྱབ་བསྒྲགས་བྱས་པར། ཞིབ་རྩིས་བརྒྱབ་པ་བརྒྱུད། 2019ལོའི་རང་རྒྱལ་གྱི“གསར་གསུམ”དཔལ་འབྱོར་གྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར161927ཟིན་པ་དེGDPཡི་བསྡུར་ཚད་ཀྱི16.3%དང་མཚུངས་པ་དང་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.2ཡིས་མཐོ་བ་ཡོད་པ་རེད། ད་ཡོད་ཀྱི་རིན་གོང་ལྟར་བརྩིས་ན9.3%འཕར་བ་དེ་དུས་མཚུངས་ཀྱིGDPཡི་ད་ཡོད་རིན་གོང་ལས་བརྒྱ་ཆའི་གྲངས1.5ཡིས་མཐོ་བ་བྱུང་ནས“གསར་གསུམ”དཔལ་འབྱོར་གྱི་སྒུལ་ཤུགས་ཆེན་པོ་མངོན་བཞིན་ཡོད་པ་རེད།

“གསར་གསུམ”དཔལ་འབྱོར་ནི་ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། ཚོང་ལས་གསར་པ་བཅས་ཀྱི་བྱེད་ཐབས་ནང་དོན་གཙོ་བོར་བྱེད་པའི་དཔལ་འབྱོར་བྱེད་སྒོ་མཉམ་འདུས་ཤིག་རེད། གསར་དར་ཐོན་ལས་ཞེས་པ་དེ་ནི་ཚན་རྩལ་གྱི་གྲུབ་འབྲས་གསར་པ་དང་གསར་དར་ལག་རྩལ་སྤྱད་ནས་གཞི་ཁྱོན་ངེས་ཅན་ལྡན་པའི་གསར་དར་དཔལ་འབྱོར་གྱི་བྱེད་སྒོར་བརྗོད་ཀྱི་ཡོད། གསར་དར་ལས་རྣམ་ཞེས་པ་དེ་སྣ་མང་ཅན་དང་རང་གཤིས་ཅན་གྱི་ཐོན་རྫས་སམ་ཡང་ན་ཞབས་ཞུའི་དགོས་མཁོ་དང་བསྟུན་ནས་ལག་རྩལ་གསར་གཏོད་དང་ཉེར་སྤྱོད་ལ་བརྟེན་ཏེ་ད་ཡོད་ཀྱི་ཐོན་ལས་དང་ཁྱབ་ཁོངས་ཁྲོད་ཐོན་པའི་ལྷུ་ཚིགས་གསར་པ་དང་། འཁོར་སྦྲེལ་གསར་པ། བྱེད་སྒོ་གསར་པ་བཅས་ཀྱི་རྣམ་པར་བརྗོད་ཀྱི་ཡོད། ཚོང་ལས་གསར་པའི་བྱེད་ཐབས་ཟེར་བ་དེ་ནི་སྤྱོད་མཁན་དུད་ཚང་གི་རིན་ཐང་དང་ཁེ་ལས་ཀྱི་རྒྱུན་མཐུད་ཁེ་བཟང་མངོན་འགྱུར་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ་ཁེ་ལས་ཀྱིས་གཉེར་སྐྱོང་བྱེད་པའི་ཕྱི་ནང་གི་གཞི་རྒྱུ་སྣ་ཚོགས་བསྡུ་སྒྲིལ་དང་བསྐྱར་འཛུགས་བྱས་ནས་ཕན་འབྲས་ཆེ་བ་དང་ཐུན་མོང་གི་འགྲན་རྩོད་ནུས་པ་ལྡན་པའི་ཚོང་ལས་འཁོར་སྐྱོད་བྱེད་ཐབས་ལ་བརྗོད་ཀྱི་ཡོད་པ་རེད།

རིམ་པ་གསུམ་ལ་ཕྱེ་ནས་ཐོན་ལས་ལ་བལྟས་ན། “གསར་གསུམ”དཔལ་འབྱོར་གྱི་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར6685ཟིན་པ་དེGDPཡི་བསྡུར་ཚད་ཀྱི0.7%དང་མཚུངས་པ་དང་། “གསར་གསུམ”དཔལ་འབྱོར་གྱི་ཐོན་ལས་གཉིས་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར70443ཟིན་པ་དེGDPབསྡུར་ཚད་ཀྱི7.1%དང་མཚུངས་པ། “གསར་གསུམ”དཔལ་འབྱོར་གྱི་ཐོན་ལས་གསུམ་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར84799ཟིན་པ་དེGDPབསྡུར་ཚད་ཀྱི8.6%དང་མཚུངས་པ་རེད།

“གསར་གསུམ”དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་སོང་བ་དང་ཆབས་ཅིག སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་ཕྱིན་ནས་དངོས་ཚན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད། “འདི་ལོ་ཉིན་རེའི་ཆ་སྙོམས་ཉོ་ཚོང་གྲངས་འབོར་ན་ནིང་ལས་ལྡབ་གཅིག་འཕར་བ་དང་ལས་རིགས་དེ་བས་མང་བའི་ཁེ་ལས་འབྲིང་ཆུང་གིས་ཀྲོའུ་ཀང་དྲ་རྒྱར་བརྟེན་ནས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་མངོན་འགྱུར་བྱུང་ཡོད”ཀྲའོ་ཀང་དྲ་རྒྱའི་མཐོ་རིམ་ཙུང་ཚའེ་གཞོན་པ་ཀུང་དབྱིན་ཤིན་གྱིས་གྲངས་གཞི་ཆེ་མོ་དང་སྤྲིན་རྩིས་སོགས་ཀྱི་ལག་རྩལ་གསར་པ་བརྒྱུད་ཀྲའོ་ཀང་དྲ་རྒྱས་ལས་སྟེགས་ཐོག་གི་གཙོ་རྒྱུན་ལྕགས་དང་ངར་ལྕགས་བཟོ་གྲྭ100ལྷག་ཙམ་དང་ཚོང་ཤག་ཆུང་གྲས་ཁྲི་བཅུ་ཕྲག་གིས་མཛོད་ཉར་ཆ་འཕྲིན་ཤེས་རྟོགས་བྱས་ནས་མཁོ་སྤྲོད་རིང་གི“གནད་སྨིན་འབྲེལ་མཐུད”ལ་སྐུལ་འདེད་བཏང་ནས་ལྕགས་དང་ངར་ལྕགས་ལས་རིགས་ཀྱི་སྟབས་བསྟུན་ཐོན་སྐྱེད་མངོན་འགྱུར་བྱས་ཡོད་ཅེས་བརྗོད་བྱུང་།

“རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་། དཔལ་འབྱོར་གྱི་གསོན་ཤུགས་སྔར་བས་མངོན་ཏེ། དཔལ་འབྱོར་གསར་པ་དེ་ཉིད་དཔལ་འབྱོར་ཆག་པའི་གནོན་ཤུགས་ཞི་ལྷོད་དུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་ཡོད”རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་ཉིང་ཅི་ཀྲེ་ཡིས་ད་ཕན་ལོ་ཤས་རིང་རང་རྒྱལ་གྱི་ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། བྱེད་ཐབས་གསར་པ་བཅས་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པའི་རྨང་གཞིའི་ཐོག་འདི་ལོ་ནས་བཟུང་། འཛད་སྤྱོད་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་ཐོན་ལས་གྲངས་འཛིན་ཅན་གྱི་རིམ་སྤོར་ལ་མགྱོགས་མྱུར་སྐུལ་མ་ཐེབས་པ་དང་། ཆ་འཕྲིན་འཛད་སྤྱོད་དང་། དྲ་རྒྱའི་འཛད་སྤྱོད། ལས་སྟེགས་ཀྱི་འཛད་སྤྱོད། རིག་ནུས་འཛད་སྤྱོད་སོགས་ཀྱི་གསར་དར་དགོས་མཁོ་གསར་པ་མགྱོགས་མྱུར་མང་དུ་ཕྱིན་པ་དང་། དྲ་སྦྲེལ་དཔལ་འབྱོར་གྱིས་མཚོན་པའི་སྒུལ་རྣམ་གསར་པར་གསོན་ཤུགས་ཆེན་པོ་མངོན་བཞིན་ཡོད་ཅེས་བརྗོད་བྱུང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།