ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་བོད་འབྲེལ་གནད་དོན་ཐད་སྤྱོད་ཚུལ་ངན་པ་འཛིན་པའི་ཨ་རི་ཕྱོགས་ཀྱི་མི་སྣས་འཐུས་མཆན་འགོད་པར་ཚོད་འཛིན་བྱ་རྒྱུའི་གཏན་འབེབས་བྱ་རྒྱུ་ཞེས་བཤད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིས་ཉེ་ཆར“2018ལོའི་འདྲ་མཚུངས་ངང་བོད་ལྗོངས་སུ་སྐྱོད་པའི་ཁྲིམས་གཞི”ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོ་སྲིད་གཞུང་དང་འབྲེལ་ཡོད་དཔོན་རིགས་ལ་འཐུས་མཆན་ཐད་ཀྱི་ཚོད་འཛིན་བྱེད་ཐབས་སྤྱོད་རྒྱུ་ཡིན་ཞེས་བཤད་པར་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས8ཉིན་ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་འབྲེལ་ཡོད་བྱེད་ཐབས་ལ་ངོ་རྒོལ་བྱ་རྒྱུ་ཡིན་པ་དང་། ཨ་རི་ཕྱོགས་ཀྱི་ནོར་འཁྲུལ་བྱ་སྤྱོད་ལ་དམིགས་ནས་ཀྲུང་གོ་ཕྱོགས་ཀྱིས་བོད་འབྲེལ་གནད་དོན་ཐད་སྤྱོད་ཚུལ་ངན་པའི་ཨ་རི་ཕྱོགས་ཀྱི་མི་སྣའི་འཐུས་མཆན་ལ་ཚོད་འཛིན་བྱ་རྒྱུ་གཏན་འཁེལ་བྱས་པ་རེད།

ཀྲའོ་ལི་ཅན་གྱིས་ཉིན་དེའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་བཤད་རྒྱུར། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་དང་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་བརྗེ་རེས་ལ་སྔར་ལས་ལྷག་པའི་གནོད་སྐྱོན་མི་ཡོང་བའི་ཆེད་དུ། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱིས་མྱུར་དུ་བོད་འབྲེལ་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པ་མཚམས་འཇོག་དགོས་པ་དང་། ནོར་འཁྲུལ་ཅན་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།

ཀྲའོ་ལི་ཅན་གྱིས་ཨ་རི་ཕྱོགས་ཀྱི“2018ལོའི་འདྲ་མཚུངས་ངང་བོད་ལྗོངས་སུ་བསྐྱོད་པའི་ཁྲིམས་གཞི”ཞེས་པའི་སྐོར་ལ་ཀྲུང་གོ་ཕྱོགས་ཀྱིས་ལངས་ཕྱོགས་ནན་པོ་ཐེངས་མང་གསལ་སྟོན་བྱས་ཡོད། བོད་ལྗོངས་ཀྱི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཉིད་ཡིན་པ་ལས། ཕྱིའི་སྟོབས་ཤུགས་གང་རུང་གིས་ཐེ་ཇུས་བྱེད་མི་ཆོག་ཅེས་བཤད།

ཀྲའོ་ལི་ཅན་གྱིས“ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད། བོད་ལྗོངས་ནི་སྒོ་དབྱེའི་བོད་ལྗོངས་ཡིན་ལ། ཕྱི་རྒྱལ་བ་བོད་ལྗོངས་སུ་བསྐྱོད་རྒྱུར་ཚོད་འཛིན་བྱེད་པའི་གཏན་འབེབས་བཟོས་མ་མྱོང”ཅེས་བཤད། ཁོང་གིས་བོད་ལྗོངས་ཀྱིས་ལོ་རེར་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དང་ལས་རིགས་ཁག་གི་མི་སྣ་འབོར་ཆེན་སྣེ་ལེན་ཞུ་བཞིན་ཡོད། བསྡོམས་རྩིས་རགས་ཙམ་ལྟར་ན། 2015ལོ་ནས2018ལོ་བར། བོད་ལྗོངས་ཕྱོགས་ཀྱིས་གཞུང་དོན་དང་ཡུལ་སྐོར། ཚོང་དོན་སོགས་ཀྱི་བྱེད་སྒོ་སྤེལ་མཁན་ཕྱི་རྒྱལ་གྱི་གྲོགས་པོ་མི་ཐེངས་ཁྲི17.6སྣེ་ལེན་ཞུས་ཡོད། དེའི་ནང་ཡུལ་སྐོར་བ་མི་ཐེངས་ཁྲི17.5དང་ཕྱི་འབྲེལ་དཔོན་མི་ཐེངས500། གསར་འགོད་པ་མི་ཐེངས343བཅས་ཡོད་ཅེས་བཤད།

“ན་ནིང་ལོ་ཧྲིལ་པོར་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི4000ལས་བརྒལ་ཡོད། ཀྲུང་གོར་བཅའ་སྡོད་བྱེད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་པུའུ་ལན་སི་ཐ་ཏེ་ཡང་ན་ནིང་བོད་ལྗོངས་སུ་འཚམས་འདྲིར་བསྐྱོད་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྡེ་ཁག་མང་པོ་དང་བཞུགས་མོལ་གནང་ཡོད། དེ་དང་འབྲེལ་བའི་གསར་འགྱུར་སྨྱན་སྦྱོར་ཁག་ལས་མཐོང་ཐུབ། འདིས་ཕྱི་རྒྱལ་བ་བོད་ལྗོངས་སུ་བསྐྱོད་རྒྱུར་གནད་དོན་མེད་པ་གསལ་བཤད་ཡག་པོ་བྱས་ཡོད”ཅེས་ཀྲའོ་ལི་ཅན་གྱིས་བཤད།

ཁོང་གིས་བཤད་རྒྱུར། བོད་ལྗོངས་དམིགས་བསལ་གྱི་ས་ཁམས་དང་གནམ་གཤིས་ཆ་རྐྱེན་སོགས་རྒྱུ་རྐྱེན་ལ་གཞིགས་ནས། ཀྲུང་གོ་སྲིད་གཞུང་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཕྱི་རྒྱལ་བ་བོད་ལྗོངས་སུ་བསྐྱོད་རྒྱུར་དོ་དམ་དང་སྲུང་སྐྱོབ་ཀྱི་བྱ་ཐབས་ངེས་ཅན་ཞིག་སྤྱད་ཡོད། དེ་ནི་དགོས་ངེས་ཤིག་ཡིན་པ་ལས་འདྲ་མིན་བཤད་རྒྱུ་ཅི་ཡང་མེད། ཀྲུང་གོ་ཕྱོགས་ཀྱིས་ཕྱི་རྒྱལ་གྱི་མི་སྣ་སྔར་ལས་མང་པོ་ཀྲུང་གོའི་བོད་ལྗོངས་ས་ཁུལ་དུ་འཚམས་འདྲི་དང་ཡུལ་སྐོར། ཚོང་གཉེར་བཅས་བྱེད་པར་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན། སྲིད་ཇུས་དེ་བསྒྱུར་མི་སྲིད། འོན་ཀྱང་སྔོན་འགྲོའི་ཆ་རྐྱེན་ནི་ངེས་པར་དུ་ཀྲུང་གོའི་བཅའ་ཁྲིམས་དང་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་དགོས་ངེས་ཀྱི་འགྲོ་ལུགས་སྒྲུབ་དགོས་པ་དེ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།