ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་སྐབས་དགུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་སྐབས་དགུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཟླ7པའི་ཚེས6ཉིན་བརྙན་ལམ་གྱི་རྣམ་པ་བརྒྱུད་ནས་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

 ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། 2018ལོར། ངས་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བརྒྱད་པའི་འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་པོས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་གྲོས་འགོ་བཏོན་པ་ཡིན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་བས་ཨ་རབ་རྒྱལ་ཁབ་ཀྱི་སྤྲོ་སེམས་འཁོལ་བའི་ངང་དང་ལེན་ཐོབ་ཡོད། ལོ་གཉིས་ཀྱི་རིང་ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་པོས་འཐབ་ཇུས་མཐུན་སྦྱོར་དང་བྱ་སྤྱོད་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ཏེ་ཕྱོགས་ཡོངས་ནས་མཉམ་ལས་དང་ཐུན་མོང་ཐོག་འཕེལ་རྒྱས། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་ཀྱིས་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་བཏང་ཡོད། 

ཞི་ཅིན་ཕིང་གིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་སོ་སྲུང་རོགས་རེས་བྱས་ཏེ་བློ་རྩ་བརྟན་པོས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཤིང་། མཉམ་ལས་དམ་ཟབ་བྱ་རྒྱུ་ནི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་མཉམ་འདུས་ཀྱི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་རེད། མིག་སྔའི་གནས་བབ་འོག་ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་པོས་སྔར་ལས་ལྷག་པར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། དུས་ངལ་མཉམ་སེལ། ལག་གདང་མཉམ་སྦྲེལ་བྱས་ཏེ་མདུན་དུ་བསྐྱོད་དགོས། ཕྱོགས་གཉིས་པོས་ད་ཐེངས་ཀྱི་ཚོགས་འདུ་འདི་འཚོགས་པ་བརྒྱུད་འཐབ་ཇུས་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུ་དང་། རིམས་ནད་འགོག་བཅོས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་དང་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ་སྔར་ལས་ལྷག་པར་ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པར་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།