ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བ་པེ་ཅིང་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1126168706_15933359237641n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བས་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་མཛད། 

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧྲིན་ཁྲོང་ཡའོ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་ཀྱི་སྙན་ཞུར་གསན། 

གྲོས་ཚོགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཅང་པུས་ཞིན་གྱིས་ཕུལ་བའི་ཆེད་ཁེའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་བཟོ་བཅོས་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན། འཆར་ཟིན་གྱི་གྲོས་ཞིབ་ཐེངས་གཉིས་པའི་མ་ཡིག་ལས་ཐོན་རྫས་ཀྱི་བྱེ་བྲག་གི་ཕྱིའི་རྣམ་པའི་ཇུས་འགོད་ལ་ཆེད་ཁེའི་སྲུང་སྐྱོབ་ཀྱི་གཏན་འཁེལ་ཁ་སྣོན་བྱས་ཏེ། འབྲེལ་ཡོད་ཐོན་དབང་སྐུལ་སྤེལ་དང་ཆེད་ཁེའི་སྒོ་འབྱེད་ཆོག་མཆན། ཆེད་ཁེའི་སྲུང་སྐྱོབ། ཆེད་ཁེའི་རྩོད་གཞི་ཐག་གཅོད་རྐྱེན་སྲོལ་བཅས་ཀྱི་གཏན་འཁེལ་འཐུས་ཚང་དུ་བཏང་ཡོད། 

གྲོས་ཚོགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཀྲིག་ཀོང་ཆོན་གྱིས་ཕུལ་བའི་ནར་སོན་མེད་པའི་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན། འཆར་ཟིན་གྱི་གྲོས་ཞིབ་ཐེངས་གཉིས་པའི་མ་ཡིག་ལས་སློབ་མའི་ཁུར་བོ་དང་སློབ་མའི་བདེ་འཇགས། སློབ་མའི་བརྙས་བཅོས་སོགས་གནད་དོན་ཐད་ཀྱི་བཅོས་སྐྱོང་ལ་ཤུགས་སྣོན་བྱས་ཡོད་པ་དང་། ཁྱིམ་ཚང་དང་སློབ་གྲྭ། དྲ་རྒྱའི་ཐོན་རྫས། ཞབས་ཞུ་འདོན་སྤྲོད་མཁན་བཅས་ཀྱི་དྲ་རྒྱའི་སྲུང་སྐྱོབ་འགན་འཁྲི་དང་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གི་ལྟ་རྟོག་དོ་དམ་འགན་འཁྲི་སོགས་ཇེ་དྲག་ཏུ་བཏང་ཡོད། 

གྲོས་ཚོགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧུའུ་ཁི་མེན་གྱིས་ཕུལ་བའི་ཕྱིར་གཏོང་དོ་དམ་ལམ་ལུགས་ཀྱི་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུར་གསན། འཆར་ཟིན་གྱི་གྲོས་ཞིབ་ཐེངས་གཉིས་པའི་མ་ཡིག་ལས་གནས་སྐབས་ཀྱི་དོ་དམ་སྒྲིག་ལུགས་ལག་བསྟར་ཡུན་ཚད་ལོངས་ན་ཇི་ལྟར་ཐག་གཅོད་བྱེད་པ་དང་། འབྲེལ་ཡོད་ཀྱི་དོ་དམ་སྒྲིག་ལུགས་དོ་དམ་སྒྲིག་ལུགས་ཀྱི་ཆེས་མཇུག་མཐའི་བཀོལ་སྤྱོད་མཁན་དང་ཆེས་མཇུག་མཐའི་སྤྱོད་སྒོའི་དོ་དམ་ཇེ་དྲག་ཏུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་སྒོ་ཁྲལ་གྱི་འབྲེལ་ཡོད་འགན་འཁྲི་དང་དབང་ཚད་གཏན་འཁེལ་གསལ་བོ་བྱས་ཡོད། 

ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབ་བྱེད་པ་དང་། ནག་ཉེས་སྔོན་འགོག་དང་ཆད་གཅོད་ཀྱི་དགོས་མཁོར་མཐུན་པར་བྱེད་ཆེད། ཨུ་ཡོན་ཀྲང་གྲོས་ཚོགས་ནས་ཉེས་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པར་སྤྲོད་པའི་ཇུས་གཞི་བཏོན། འཆར་ཟིན་དེར་བསྡོམས་པས་ཉེས་ཁྲིམས་དོན་ཚན་སུམ་ཅུ་བཟོ་བཅོས་ཁ་གསབ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ནག་ཉེས་སྔོན་འགོག་དང་ཆད་གཅོད་བྱེད་པར་ཤུགས་སྣོན་བྱས་ཡོད། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་མངག་བཅོལ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིས་ཉིང་གིས་འཆར་ཟིན་དེར་གསལ་བཤད་བྱས། 

རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་ཆད་གཅོད་ལམ་ལུགས་འཐུས་ཚང་དུ་གཏོང་ཆེད། ཨུ་ཡོན་ཀྲང་གྲོས་ཚོགས་ནས་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པར་སྤྲོད་པའི་ཇུས་གཞི་བཏོན། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་མངག་བཅོལ་ལྟར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞུའུ་ཨན་པེའོ་ཡིས་འཆར་ཟིན་ལ་གསལ་བཤད་བྱས། 

གཞི་གྲངས་ཀྱི་བདེ་འཇགས་ལ་འགན་སྲུང་དང་གཞི་གྲངས་ཀྱི་གསར་སྤེལ་བེད་སྤྱོད་ལ་ཡར་སྐུལ་གཏོང་བ། སྤྱི་དམངས་དང་རྩ་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད། ཨུ་ཡོན་ཀྲང་གྲོས་ཚོགས་ནས་གཞི་གྲངས་བདེ་འཇགས་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱེད་པར་སྤྲོད་པའི་ཇུས་གཞི་བཏོན། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་མངག་བཅོལ་ལྟར་དུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིའུ་ཅོན་ཁྲིན་གྱིས་འཆར་ཟིན་གསལ་བཤད་བྱས། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།