ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མིང་བཀོད་དེ་གསར་དུ་བཟོ་བཅོས་བྱས་པའི་དམག་དཔུང་གི་སློབ་གྲྭའི་སློབ་གསོ་ལག་བསྟར་ཚོད་ལྟའི་སྲོལ་ཡིག་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མིང་བཀོད་དེ་གསར་དུ་བཟོ་བཅོས་བྱས་པའི་དམག་དཔུང་གི་སློབ་གྲྭའི་སློབ་གསོ་ལག་བསྟར་ཚོད་ལྟའི་སྲོལ་ཡིག་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

སྲོལ་ཡིག་ལས་ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་གི་དགོངས་དོན་དང་དུས་རབས་གསར་བའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ལག་བསྟར་ནན་མོ་བྱེད་པ་དང་། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་དང་རྣམ་པ་གསར་བའི་དམག་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་དམིགས་ཏེ། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཀུན་སྤྱོད་ལྡན་པའི་མི་སྣ་སྐྱེད་སྲིང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། དམག་འཐབ་ཀྱི་ཆེད་དུ་མི་གསོ་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། གཞི་གཅིག་ཅན་གྱི་བཀོད་སྒྲིག་རྒྱུན་འཁྱོངས་བྱེད་པ། དོན་སྤྱི་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། སློབ་གསོར་བཅོས་སྐྱོང་ནན་མོ་བྱེད་པ་དང་སློབ་སྦྱོང་ལ་བཅོས་སྐྱོང་ནན་མོ་བྱེད་པ། ཞིབ་འཇུག་ལ་བཅོས་སྐྱོང་ནན་མོ་བྱེད་པ། རྒྱུགས་སྤྲོད་ལ་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དངོས་འབེབས་བྱས་ནས། སློབ་གྲྭའི་སློབ་གསོའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་ཀྱི་བྱ་བའི་འཁོར་སྐྱོད་ཚད་ལྡན་དུ་གཏོང་དགོས་པ་བསྟན་ཡོད།

སྲོལ་ཡིག་ལ་བསྡོམས་པས་ལེའུ་བཅུ་གཅིག་དང་དོན་ཚན་དགུ་བཅུ་ཡོད། དེ་ལས་དམག་དཔུང་གི་སློབ་གྲྭའི་སློབ་གསོ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་།  ཚན་རིག་དང་མཐུན་པར་རིམ་པ་སོ་སོའི་འགན་འཁྲི་གཏན་འཁེལ་གསལ་བོ་བྱས་ནས། སློབ་གྲྭས་ཐོག་མར་འཕེལ་རྒྱས་འཐབ་ཇུས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་དམག་འཛུགས་རེ་བ་ལག་བསྟར་བྱས་ཏེ། དམག་འཐབ་ཆེད་དུ་དམག་མི་སྐྱེད་སྲིང་བྱེད་པའི་ཁྲིད་ཕྱོགས་ནུས་པ་ཇེ་ཆེར་གཏོང་བ་དང་། དུས་རབས་གསར་བའི་དམག་དཔུང་གི་སློབ་གྲྭའི་སློབ་གསོ་གཞི་རྩའི་བཀོད་སྒྲིག་ལེགས་སྒྱུར་བྱེད་དགོས་ལ། སློབ་གྲྭའི་སློབ་གསོ་བྱ་བ་དང་ཚན་རིག་ཞིབ་འཇུག་གི་གཏན་གནས་རེ་བ་དང་ལས་འགན་གཙོ་བོ་ཚད་ལྡན་དུ་གཏོང་བ་དང་། སློབ་གྲྭའི་འགོ་ཁྲིད་དང་དགེ་རྒན། སློབ་མའི་ཚད་གཞིའི་རེ་བ་གསལ་བོ་བྱེད་དགོས་ལ། ཆབ་སྲིད་ནུས་པ་སྐྱེད་སྲིང་བྱེད་རྒྱུ་འབུར་དུ་ཐོན་པར་བྱས་ནས། དོན་སྙིང་ལྡན་ཞིང་ནུས་པ་ཡོད་པ་དང་། ཀུན་སྤྱོད་བཟང་བའི་དུས་རབས་གསར་བའི་གསདར་བརྗེ་དམག་མི་སྐྱེད་སྲིང་བྱེད་པར་སྟོབས་ལྡན་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཞེས་བསྟན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།