ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་ཚེས་བཞིའི་ཉིན་མགོ་འཛིན་མཛད་དེ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིན་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་། ཀྲུང་དབྱང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། མུ་མཐུད་དུ་ནང་ཁུལ་ནས་ཡང་བསྐྱར་འབྱུང་བར་སྔོན་འགོག་དང་ཕྱི་ཡོང་མི་སྣའི་འགོག་སྲུང་བྱེད་ཐབས་དམ་འཛིན་བྱས་ཏེ། འགོག་སྲུང་དང་གསོ་བཅོས་ནུས་པ་ཇེ་མཐོར་གཏོང་བ་དང་། སྤྱི་བའི་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་འཛུགས་པ། རིམས་ནད་འགོག་སྲུང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཚོང་ལས་དང་ཚོང་ར། སློབ་གྲྭ་བཅས་སླར་གསོ་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱེད་དགོས་པར་བསྟན། 

གྲོས་ཚོགས་ནས་བསྟན་དོན། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་རིམས་ནད་འགོག་སྲུང་གི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ཏེ་གྲོས་ཚོགས་བདེ་བླག་ངང་འཚོགས་པར་འགན་སྲུང་བྱས། མིག་སྔར་རང་རྒྱལ་གྱི་རིམས་ནད་གནས་བབ་སྤྱིའི་ཕྱོགས་ནས་གཏན་འཇགས་ཡིན་ཡང་གནས་པའི་ཉེན་ཁ་སྣང་མེད་དུ་བསྐྱུར་མི་རུང་། མུ་མཐུད་དུ་རྒྱུན་རྣམ་ཅན་གྱི་འགོག་སྲུང་བྱེད་ཐབས་དངོས་འབེབ་བྱེད་པ་དང་། ནད་རྟགས་གསལ་བོ་མེད་པའི་ནད་པའི་གསོ་རིག་དོ་དམ་ལ་ཤུགས་སྣོན་བྱས་ཏེ། དངོས་ཐོག་བདེན་འཚོལ་དང་ཡོངས་བསྒྲགས་མངོན་གསལ་གྱིས་གནས་ཚུལ་ཁྱབ་སྒྲོག་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ས་ཁུལ་སོ་སོས་རྒྱུན་རྣམ་ཅན་གྱི་འགོག་སྲུང་ཉམས་མྱོང་སྤྱི་བསྡོམས་བྱས་ཤིང་། རྒྱལ་ནང་གི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་དང་རྒྱལ་སྤྱིའི་མི་སྣའི་འགྲོ་འོང་ཇེ་མང་དུ་འགྲོ་བའི་གནས་ཚུལ་ལ་གཞིགས་ཏེ། དུས་རིམ་རང་བཞིན་གྱིས་འགོག་སྲུང་བྱེད་ཐབས་ལེགས་སྒྲིག་དང་དངོས་འབེབ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འབྲེལ་མཉམ་འགོག་རྐྱེན་སྲོལ་གྱིས་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། གནས་སྤོར་དང་རིག་རྩལ་སོགས་ལས་རིགས་ཀྱིས་ཐོན་ལས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས། ས་ཁུལ་སོ་སོས་རིགས་སྣ་ཚོགས་ཀྱི་སློབ་གྲྭས་སློབ་རའི་ནང་གི་རིམས་ནད་འགོག་སྲུང་བྱེད་ཐབས་ཞིབ་རྒྱས་སུ་བྱས་ཏེ་དངོས་འབེབ་བྱེད་དགོས་པར་བསྟན། 

གྲོས་ཚོགས་ནས་བསྟན་དོན། མུ་མཐུད་དུ་ཉིང་སྐྱུར་གྱི་ཚད་འཇལ་ཞིབ་བཤེར་ལ་ཤུགས་སྣོན་བྱས་ཏེ་ཞིབ་བཤེར་ཚད་འཇལ་གྱི་ཞན་ཆ་ཁ་གསབ་དང་ཁྱད་པར་དུ་ཞིབ་བཤེར་ཚད་འཇལ་གྱི་དཔྱད་ཆས་དང་སྒྲིག་ཆས་ཀྱི་ཐོན་སྐྱེད་ཤུགས་ཚད་ཇེ་ཆེར་བཏང་ནས་དགོས་མཁོ་ཡོད་པའི་གནས་ཡུལ་གང་རུང་དུ་ཞིབ་བཤེར་ཚད་འཇལ་བྱེད་པར་སྟབས་བདེ་བཟོ་དགོས། སྔར་ལས་ལྷག་པའི་སྒོ་ནས་འགོག་སྨན་དང་ནུས་ལྡན་སྨན་རྫས་ཀྱི་ཞིབ་འཇུག་གསར་སྤེལ་ལ་སྐུལ་འདེད་བཏང་སྟེ། ཁྲིམས་ལྟར་ལུགས་མཐུན་གྱིས་འགོག་སྨན་གྱི་ནད་ཐོག་ཚོད་ལྟ་ལ་ཡར་སྐུལ་བྱེད་པ་དང་། ཤུགས་ཆེན་པོས་མྱུར་དུ་གྲུབ་འབྲས་ཐོབ་པར་བྱས་ནས། མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཐད་ནུས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་བསྟན། 

མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཏེན་ཞོས་ཞང་དང་། སུང་ཁྲོན་ལན། ཧོང་ཁོན་མེན། ཚེ་ཆི། ཝང་དབྱེ། ཞའོ་ཅེ། ཀྲའོ་ཁི་ཀྲིག་བཅས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།