ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་དབུས་ནུབ་རྒྱུད་ཀྱི་ཞིང་གྲོང་ཕྱོགས་ངེས་ཀྱི་དངོས་གཞིའི་ཚན་ཁག་གི་གསོ་རིག་སློབ་མ6822བསྡུ་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས4ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སློབ་གསོ་པུའུ་གཞུང་དོན་ཐིང་གིས《2020ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་དབུས་ནུབ་རྒྱུད་ཀྱི་ཞིང་གྲོང་གསེབ་ཀྱི་མངགས་ཐོ་དང་ཕྱོགས་ངེས་ཀྱི་སློབ་ཡོན་མི་དགོས་པའི་དངོས་གཞིའི་ཚན་ཁག་གི་གསོ་རིག་སློབ་མ་སློབ་བསྡུ་དང་གསོ་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་རེད། བརྡ་ཐོ་ལྟར་ན། 2020ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་མཐོ་རིམ་གསོ་རིག་སློབ་གླིང་ལ་རྒྱབ་སྐྱོར་བྱས་ནས་དབུས་ནུབ་རྒྱུད་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་ལ་མངགས་ཐོའི་ཕྱོགས་ངེས་ཀྱི་སློབ་ཡོན་མི་དགོས་པའི་ལོ་ལྔ་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་གསོ་རིག་སློབ་མ་ཁྱོན6822གསོ་སྐྱོང་བྱ་རྒྱུ་ཡིན་ལ། ཆེད་ལས་ལ་ནད་ཐོག་སྨན་བཅོས་ཀྱི་ཀྲུང་ལུགས་གསོ་རིག་དང་། སོག་ལུགས་གསོ་རིག བོད་ལུགས་གསོ་རིག ཏའེ་རིགས་གསོ་རིག་བཅས་ཚུད་ཡོད་པ་རེད།

ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་སློབ་ཡོན་མི་དགོས་པའི་དངོས་གཞིའི་ཚན་ཁག་གི་གསོ་རིག་སློབ་མའི་ཕྱོགས་ངེས་སློབ་མ་བསྡུ་བའི་འཆར་གཞི་དེ་འབྲེལ་ཡོད་སློབ་གྲྭའི་དངོས་གཞིའི་ཚན་ཁག་རིམ་པའི་སློབ་བསྡུའི་ཡོང་ཁུངས་འཆར་གཞིའི་ནང་ལོགས་སུ་འཆར་འགོད་བྱ་རྒྱུ་དང་འཆར་གཞིའི་ངོ་བོ་ནི“རྒྱལ་ཁབ་ཀྱི་སློབ་ཡོན་མི་དགོས་པའི་གསོ་རིག་སློབ་མ”ཡིན་པ་རེད། སློབ་ཡོན་མི་དགོས་པའི་གསོ་རིག་ཕྱོགས་ངེས་སློབ་བསྡུའི་འཆར་གཞི་ནང་རྒྱུགས་སྤྲོད་པའི་སློབ་མ་ཚང་མ་ད་ལོའི་རྒྱལ་ཡོངས་ཀྱི་གཅིག་གྱུར་མཐོ་རྒྱུགས་ནང་ཞུགས་དགོས་ལ། རེ་འདུན་ལོགས་སུ་འགོད་པ་དང་ཁག་གྲངས་ལོགས་སུ་འཛུགས་པ། ཁེར་རྐྱང་དུ་དབྱེ་མཚམས་འབྱེད་པ་བཅས་བྱ་དགོས། ཞིང་གྲོང་གི་སློབ་མ་གདམ་ནས་དངོས་གཞིའི་ཚན་ཁག་གི་སྔོན་ལ་བསྡུ་རྒྱུ། གལ་ཏེ་སློབ་ཁུངས་མི་འདང་བའི་སྐབས་སུ་གསབ་བསྡུའི་དང་བླངས་བྱེད་སྟངས་ལྟར་སྐར་གྲངས་མཐོ་བ་ནས་དམའ་བའི་བར་གོ་རིམ་བཞིན་བསྡུ་ལེན་བྱ་རྒྱུ་དང་མཐར་འཆར་གཞི་ལེགས་གྲུབ་ཡོང་བ་བྱ་རྒྱུ་ཡིན་པ་རེད།

 སློབ་ཡོན་མི་དགོས་པའི་ཕྱོགས་ངེས་ཀྱི་དངོས་གཞིའི་ཚན་ཁག་གི་གསོ་རིག་སློབ་མ་ནི་གྲོང་གསེབ་ཀྱི་སློབ་མ་ཁོ་ན་བསྡུ་རྒྱུ་དང་རྒྱུགས་སྤྲོད་སློབ་མར་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་ཏེ། 2020ལོའི་གཅིག་གྱུར་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པའི་ཆ་རྐྱེན་དང་མཐུན་དགོས་པ་དང་། རང་ཉིད་དང་ཕ་མའམ་ཡང་ན་ཁྲིམས་བཀོད་ལྟ་སྐྱོང་མཁན་གྱི་ཐེམ་ཐོ་ངེས་པར་དུ་གྲོང་གསེབ་ཏུ་ཡོད་པ་དང་། རང་ཉིད་ལ་ས་གནས་དེ་གའི་ལོ3ཡན་གྱི་ཐེམ་ཐོ་ཡོད་པ་དང་། ཞིང་ཆེན་དེས་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་བཅས་དང་འཚམ་དགོས། 

ཤེས་རྟོགས་བྱུང་བར་གཞིགས་ན། སློབ་ཡོན་མི་དགོས་པའི་ཕྱོགས་ངེས་ཀྱི་དངོས་གཞིའི་ཚན་ཁག་གི་གསོ་རིག་སློབ་མ་བསྡུས་རྗེས་དང་སློབ་ཞུགས་བརྡ་ཐོ་མ་རེག་གོང་ལ་ངེས་པར་དུ་གསོ་སྐྱོང་མཐོ་སློབ་དང་ཕྱོགས་ངེས་ཀྱི་ལས་ཞུགས་བྱ་ཡུལ་གྱི་རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་དང་། མི་ཤུགས་ཐོན་ཁུངས། སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་བཅས་དང་ཕྱོགས་ངེས་ཀྱི་གསོ་སྐྱོང་དང་ལས་ཞུགས་གྲོས་མཐུན་འཇོག་དགོས། སློབ་ཡོན་མི་དགོས་པའི་ཕྱོགས་ངེས་ཀྱི་དངོས་གཞིའི་ཚན་ཁག་གི་གསོ་རིག་སློབ་མ་རྣམས་སློབ་གྲྭའི་ནང་ཞུགས་སྐབས་ཐེམ་ཐོ་སྔར་བཞིན་དེ་སྔའི་ཐེམ་ཐོ་གནས་ཡུལ་དུ་ཉར་དགོས་ལ། སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་འབྲེལ་ཡོད་གཏན་འབེབས་ལྟར་ཕྱོགས་ངེས་ཀྱི་ལས་ཞུགས་བྱ་ཡུལ་དུ་གནས་སྤོ་བྱ་ཆོག །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།