ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་འགོ་འཛིན་མཛད་དེ་ཧེ་ནན་གྱི་ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཧེ་ནན་གྱི་ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་ཧེ་ཁུག་ནས་འགོ་འཛིན་མཛད་དེ་ཧེ་ནན་གྱི་ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ་གསུང་བཤད་གནང་། 

ཧན་ཀྲིན་གྱིས་བསྟན་དོན། ཧེ་ནན་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་འཆར་འགོད་དང་བཀོད་སྒྲིག་བྱས་ལ། སྐུ་དངོས་སུ་སྐུལ་འདེད་བཏང་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ལ་གཞིགས་ཏེ་བཏོན་པའི་འཐབ་ཇུས་བྱེད་ཐབས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཞི་རྩར་བཟུང་ཞིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དངོས་འབེབ་བྱེད་པ་དང་། གཙོ་ཕལ་དང་གོ་རིམ་ཡོད་པའི་སྒོ་ནས་ལག་བསྟར་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་དགོས་ཟེར། 

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཁྱབ་ཁོངས་གཙོ་བོ་དང་གནད་འགག་ལས་རིམ་འབུར་དུ་ཐོན་པ་དང་། རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་མངོན་པར་མཚོན་པའི་ཁ་ཕྱོགས་གཙོ་བོ་དམ་འཛིན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་རྒྱུན་འཁྱོངས་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་རླབས་ཆེན་དམིགས་འབེན་དང་འཐབ་ཇུས་བགྲོད་ལམ་དམིགས་སུ་བཟུང་ནས་མདུན་སྐྱོད་བྱེད་དགོས། ལམ་ལུགས་གཅིག་བསྡུས་གསར་གཏོད་ཀྱི་གཞི་རྩའི་གནད་ས་དམ་འཛིན་དང་། ཉོ་ཚོང་དངུལ་གཏོང་ཁྱབ་ཁོངས་སུ་སྒོ་ཁྲལ་གང་ཡང་མེད་པ་དང་ཚོང་རའི་ཟབ་ཞུགས་ཆོག་མཆན་དམ་བཅའ་སྟེ་ཟབ་ཞུགས་ལམ་ལུགས་ལག་བསྟར་བྱས་ནས། ཚད་ཆེན་པོའི་སྒོ་ནས་རང་དབང་ཅན་དང་སྟབས་བདེ་ཅན་ཡོང་བར་བྱེད་དགོས། ལས་ཡུལ་དང་པོའི་སྒོ་འབྱེད་དང་ལས་ཡུལ་གཉིས་པའི་དོ་དམ་གྱི་འབྲེལ་བ་ཁོང་དུ་ཆུད་པར་བྱས་ནས་གོ་རིམ་ལྡན་པའི་སྒོ་ནས་སྲིད་ཇུས་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་དགོས། ཧེ་ནན་གྱི་ཁྱད་སྟོབས་དང་ཁྱད་ཆོས་དམ་འཛིན་བྱས་ཏེ། ཚན་རྩལ་འདུས་ཚད་མཐོ་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཧེ་ནན་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། ལམ་ལུགས་གསར་གཏོད་དང་གཟིགས་སྐྱོང་སྲིད་ཇུས། ཁྲིམས་སྐྱོང་སྒྲིག་སྲོལ་བཅས་ཀྱི་བཀོད་སྒྲིག་གལ་ཆེན་དམ་འཛིན་དང་། སྲིད་ཇུས་བྱེད་ཐབས་ཞིབ་རྒྱས་སུ་བཏང་ནས། སྤྱིའི་འཆར་འགོད་དེ་ཡུལ་དངོས་ཀྱི་མཛེས་ལྗོངས་ཤིག་ཏུ་འགྱུར་བར་བྱེད་དགོས། ཉེན་ཁ་ཆེན་པོ་མི་འབྱུང་བའི་མ་མཐའི་རེ་བ་གཞིར་བཟུང་ནས། ཧེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་གྱི་འབྲེལ་ཡོད་བྱ་བ་ཚང་མར་འགན་སྲུང་བྱེད་དགོས། འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། བྱ་བ་སྣ་ཚོགས་དམ་འཛིན་སྒོས་ཕན་འབྲས་དངོས་ཐོབ་པར་བྱས་ཏེ། ཏང་ཀྲུང་དབྱང་ལ་ཚད་ལྡན་གྱི་རྒྱུགས་གཞི་ཞིག་སྤྲོད་དགོས་ཞེས་བསྟན། 

ཧུའུ་ཁྲོན་ཧྭ་དང་། ཧི་ལི་ཧྥུན་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།