ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་མོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་གསན་ནས་གྲོས་ཞིབ་བྱས། 

ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་གྲོས་ཚོགས་ལ་ཞུགས། 

གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་ང་དྲུག་ཡོད་པ་དང་། འཐུས་མི་སྟོང་གཉིས་དང་བརྒྱད་བརྒྱ་གྱ་དྲུག་ཞུགས་ཡོད་ལ། འཐུས་མི་བདུན་ཅུ་ཆད་པ་དང་། ཁྲིམས་བཅད་ཀྱི་མི་གྲངས་ཀྱི་འཚམ་པ་ཡིན། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ངག་བཅོལ་ལྟར། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ། ཁོང་གིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཤིང་། འགུལ་སྐྱོད་མྱུར་དུ་སྤེལ་བ་དང་ཁྲིམས་ལྟར་ལས་འགན་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་རི་སྐྱེས་སྲོག་ཆགས་ཀྱི་ཁྲིམས་འགལ་ཉོ་ཚོང་དང་ཁ་ཟས་སུ་བྱེད་པ་གཏན་འགོག་བྱེད་པའི་ཆོད་དོན་དང་། སྤྱི་བའི་འཕྲོད་བསྟེན་བཅའ་ཁྲིམས་འགན་སྲུང་མ་ལག་ཇེ་དྲག་ཏུ་གཏོང་བའི་ཁྲིམས་འཛུགས་བཟོ་བཅོས་བྱ་བར་བཀོད་སྒྲིག་བྱས་པར་མ་ཟད། རང་འགུལ་གྱིས་རིམས་ནད་འགོག་སྲུང་གི་བཅའ་ཁྲིམས་སྒྲོག་འགྲེལ་དྲིལ་སྒྲོག་བྱས་ནས། རིམས་ནད་ཀྱི་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཡོད་ཅེས་གསུངས། 

ལིས་ཀྲན་ཧྲུའུ་ཡིས་སྙན་ཞུའི་ཁྲོད་ལོ་གཅིག་ལྷག་རིང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གནས་ཚུལ་ལ་སྤྱི་བསྡོམས་བྱས་ཡོད་དེ། གཅིག་ནས་རྩ་ཁྲིམས་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་ཕྱོགས་སོ་སོ་ནས་ལག་བསྟར་བྱེད་པར་འགན་སྲུང་བྱས་པ་དང་། གཉིས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་བཏང་། གསུམ་ནས་ཁྲིམས་བཅད་འགན་འཁྲི་གཞིར་བཟུང་ནས་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལས་འགན་གཙོར་དམིགས་ཏེ་ལྟ་རྟོག་བྱ་བར་ཡར་སྐུལ་བཏང་། བཞི་ནས་འཐུས་མིས་ཁྲིམས་ལྟར་ལས་འགན་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་བའི་བྱ་བའི་ལམ་ལུགས་རྐྱེན་སྲོལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས། ལྔ་ནས་ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བར་དམིགས་ཏེ་ཕྱི་ཕྱོགས་བྱ་བ་སྤེལ། དྲུག་ནས་ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་བདག་རང་བྱེད། ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་གང་ལེགས་བྱེད་པ་རྒྱུན་འཁྱོངས་བྱས་ནས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས། 

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ད་རུང་མི་འདང་ས་དང་ཞན་ཆ་ཡོད་པས། ང་ཚོས་ཁེངས་སྐྱུང་སྒོས་འཐུས་མི་དང་ཕྱོགས་སོ་སོའི་བསམ་འཆར་གྲོས་གཞིར་ཉན་ནས། བྱ་བ་སྣ་ཚོགས་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་ཞེས་གསུངས། 

ལིས་ཀྲན་ཧྲུའུ་ཡིས་སྙན་ཞུའི་ནང་ནན་གྱིས་བསྟན་དོན། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་གཞོགས་འདེགས་བྱེད་པའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཡིན་ཞིང་། ཐོག་མཐའ་བར་གསུམ་དུ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། རྒྱུན་ཆད་མེད་པར་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་ལག་ལེན་ཁྱད་ཆོས་དང་དུས་རབས་ཁྱད་ཆོས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ལམ་ལུགས་ཀྱི་ཁྱད་སྟོབས་དེ་རྒྱལ་ཁབ་བཅོས་སྐྱོང་གི་བྱེད་ནུས་སུ་བསྒྱུར་ནས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་ལས་དབང་དེ་མི་དམངས་ཀྱི་ལག་ཏུ་དམ་པོར་འཛིན་དགོས་ཞེས་གསུངས། 

ལིས་ཀྲན་ཧྲུའུ་ཡིས་རྩ་ཁྲིམས་ཀྱི་ཕྱོགས་ཡོངས་ལག་བསྟར་ལ་འགན་སྲུང་བྱེད་པ་དང་། ཁྱབ་ཁོངས་གཙོ་བོའི་ཁྲིམས་འཛུགས་ལ་ཤུགས་སྣོན་པ། ཁྲིམས་ལྟར་ལྟ་རྟོག་བྱ་བ་བཟང་བོར་བསྒྲུབ་པ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ། ཕྱི་ཕྱོགས་འགྲོ་འོང་ཧུར་ཐག་སྒོས་སྤེལ་བ། རྒྱུན་ལས་ཨུ་ཡོན་ལྷན་ཁང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་ཕྱོགས་དྲུག་གི་ཕྱིན་ཆད་ཀྱི་དུས་རིམ་ཞིག་གི་ལས་འགན་གཙོ་བོ་རྒྱས་བཤད་མཛད། 

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིག་ཆང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཚབ་བྱས་ཏེ་སྙན་ཞུ་འབུལ་སྐབས་བཤད་རྒྱུར། ཉིས་སྟོང་བཅུ་དགུ་ལོ་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་དོན་རེ་རེའི་ལས་འདྲ་མཉམ་དྲང་བདེན་ཚོར་དུ་འཇུག་པའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། ཆེ་ཕྱོགས་ལ་ཞབས་འདེགས་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། དྲང་བདེན་གྱིས་ཁྲིམས་འཛིན་པ་བཅས་རྒྱུན་འཁྱོངས་བྱས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གྱོད་དོན་ཁྲི་གསུམ་དང་སྟོང་བཞི་ཐག་གཅོད་བྱས་ཡོད་ཟེར། 

ཀྲིག་ཆང་གིས་ཕྱོགས་ཡོངས་ནས་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་བྱས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྱི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཞབས་འདེགས་བྱས་པ་སོགས་ཕྱོགས་ཆེན་པོ་བརྒྱད་ནས་ཉིས་སྟོང་བཅུ་དགུ་ལོའི་བྱ་བ་གཙོ་བོ་སྙན་ཞུ་བྱས། 

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲང་ཅོན་གྱིས་ཆེས་མཐོའི་མི་དམངས་ཞིབ་བཤེར་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་འབུལ་སྐབས་བཤད་རྒྱུར། ན་ནིང་གི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་རྟོག་འོག ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཆབ་སྲིད་གླེང་བ་དང་། ཆེ་ཕྱོགས་བསམ་པ། འཕེལ་རྒྱས་བརྩོན་པ། རང་སྟོབས་འདོན་སྤེལ་བཅས་ལ་བརྟེན་ནས་ཞིབ་དཔྱོད་བྱ་བ་སྣ་ཚོགས་ལ་གྲུབ་འབྲས་གསར་བ་བླངས་ཡོད་ཟེར། སྙན་ཞུ་ལས་སོ་སོར་ཞིབ་དཔྱོད་ལས་རིགས་ཀྱིས་ལས་འགན་ལག་བསྟར་བྱས་ནས་རིམས་འགོག་བྱས་པའི་གནས་ཚུལ་དང་། ཉིས་སྟོང་བཅུ་དགུ་ལོའི་བྱ་བའི་ཕྱིར་དྲན། གོ་རིམ་རྗེས་མའི་བྱ་བའི་བཀོད་སྒྲིག་བཅས་མཚམས་སྦྱོར་བྱས། 

གྲོས་ཚོགས་ལ་ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲིན་གྱིས་འགོ་འཛིན་བྱས། ཚོགས་ཆེན་གྱི་ཀྲུའུ་ཞིའི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཚའོ་ཅན་མེན་དང་། ཀྲང་ཁྲོང་ཞན། ཧྲིན་ཡོས་ཡོས། ཅི་པེན་ཞོན། ཨེ་ལི་ཀིན་དབྱེ་མེན་པཱ་ཧེ། ཝན་ཨིག་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེན། པད་མ་འཕྲིན་ལས། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚེ་ཏཱ་ཧྥུན། ཝུའུ་ཝེ་ཧྭ། དབྱང་ཀྲིན་ཝུའུ་བཅས་ཀྲུའུ་ཞིའི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བསྡད་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།