ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྐབས་དང་པོའི“རྒྱལ་སྤྱིའི་ཇའི་ཉིན་མོ”ལ་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས21ཉིན་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འཁེལ་བྱས་པའི་སྐབས་དང་པོའི“རྒྱལ་སྤྱིའི་ཇའི་ཉིན་མོ”ཡིན་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱལ་སྤྱིའི་ཇའི་ཉིན་མོའི”བྱེད་སྒོ་རབ་དང་རིམ་པར་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བཤད་རྒྱུར། ཇ་ནི་ཀྲུང་གོ་ནས་དར་ཏེ་རྒྱལ་སྤྱིའི་ལ་དར་ཁྱབ་དུ་སོང་བ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འཁེལ་བྱས་པའི་རྒྱལ་སྤྱིའི་ཇའི་ཉིན་མོ་འདིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཇའི་རིན་ཐང་ལ་ཁས་ལེན་དང་མཐོང་ཆེན་བྱེད་བཞིན་ཡོད་པ་མཚོན་པས། ཇ་ལོའི་ཐོན་ལས་དར་རྒྱས་གཏོང་བ་དང་ཇའི་རིག་གནས་དར་སྤེལ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཇ་ལོ་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ། འཛམ་གླིང་ཧྲིལ་པོའི་ཇའི་ཐོན་ལས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ཇའི་རིགས་གནས་མཉམ་འདྲེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་གཏོང་དགོས་པ་དང་། མི་མང་པོ་ཞིག་ལ་ཇ་ཤེས་སུ་འཇུག་པ་དང། ཇ་ལ་དགའ་བ། ཇ་ལ་རོལ་མྱོང་བྱས་ཏེ་མཛེས་སྡུག་གི་འཚོ་བ་མཉམ་སྤྱོད་བྱེད་དུ་འཇུག་རྒྱུ་ཡིན་ཞེས་གསུངས།

  ཇ་ནི་འཛམ་གླིང་གི་བཏུང་བྱ་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན། འཛམ་གླིང་སྟེང་ཇ་ལོ་ཐོན་སྐྱེད་བྱེད་པའི་རྒྱལ་ཁབ་དང་ས་ཁུལ60ལྷག་ཙམ་ཡོད་པ་དང་། ཇ་འཐུང་མཁན་གྱི་མི་གྲངས་དུང་ཕྱུར20ལས་བརྒལ་ཡོད། 2019ལོའི་ཟླ12པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་ལོ་རེའི་ཟླ5བའི་ཚེས21ཉིན་ནི“རྒྱལ་སྤྱིའི་ཇའི་ཉིན་མོར”གཏན་འཁེལ་བྱས་པ་ཁྱབ་བསྒྲགས་བྱས་པ་རེད།  ཇ་ལོའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་རིན་ཐང་ལ་བསྔགས་བརྗོད་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ཞིང་ལས་རྒྱུན་མཐུད་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། ད་ལོའི“རྒྱལ་སྤྱིའི་ཇའི་ཉིན་མོའི”སྐབས་སུ། རང་རྒྱལ་གྱི་ཞིང་ལས་གྲོང་གསེབ་པུའུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་། ཀྲེ་ཅང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས“ཇ་དང་འཛམ་གླིང་མཉམ་སྤྱོད”ཅེས་པ་བརྗོད་དོན་བྱས་ཏེ། དྲ་རྒྱ་བརྒྱུད་དེ་དྲིལ་བསྒྲགས་དང་ཁྱབ་གདལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།