ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བྷང་ག་ལའི་ཙུང་ལི་ཧ་ཤིས་ནཱ་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས20ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྷང་ག་ལའི་ཙུང་ལི་ཧ་ཤིས་ནཱ་ལ་ཁ་པར་བཏང་ནས་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བཤད་རྒྱུར། ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་གནད་འགག་གི་སྐབས་སུ། བྷང་ག་ལའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ལས་རིགས་སོ་སོས་ཐབས་ལམ་སྣ་ཚོགས་སྤྱད་དེ་ཀྲུང་གོ་ཕྱོགས་ལ་རོགས་སྐྱོར་བྱས་པ་དང་། དེ་སྟེང་ནས་བྷང་ག་ལའི་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་བའི་བརྩེ་སེམས་བཟ་མོ་མཚོན་ཡོད། མིག་སྔར། ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་གྱི་རིམས་ནད་མཆེད་བཞིན་ཡོད་པས་སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་ཀྱི་དགོས་མཁོར་གཞིགས་ནས། བྷང་ག་ལ་ཕྱོགས་ཀྱི་རིམས་ནད་འགོག་པར་མུ་མཐུད་དུ་ནུས་པ་ཅི་ལྕོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ། ཉེ་དུས་བྷང་ག་ལ་ཕྱོགས་ལ་སྨན་བཅོས་ཆེད་མཁས་པའི་ཚན་ཆུང་ཁག་གཅིག་མངགས་རྒྱུ་ཡིན། ཁྱེད་ཀྱི་འགོ་ཁྲིད་འོག་བྷང་ག་ལའི་མི་དམངས་ཀྱིས་སྔ་མོ་ནས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་ང་ལ་ཡིད་ཆེས་ཡོད། བྷང་ག་ལའི་སྲིད་གཞུང་གིས་བྷང་ག་ལ་ན་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཀྲུང་གོ་ན་ཡོད་པའི་བྷང་ག་ལའི་སྤྱི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོ་བདེ་ཐང་ལ་མུ་མཐུད་དུ་འགན་ལེན་བྱེད་རྒྱུ་ཡིན་ཞེས་གསུངས།

 ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་རིམས་ནད་འགོག་བཅོས་མཉམ་ལས་ལ་འགོག་རྐྱེན་བཟོ་བ་དང་། གོ་ལ་ཧྲིལ་པོ་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་ནད་འགོག་བཅོས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་བྷང་ག་ལ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་མཉམ་འགོག་མཉམ་བཅོས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་སྤྱིའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་རོགས་འདེདགས་བྱ་རྒྱུ་ཡིན་ཞེས་བསྟན།

 ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་བྷང་ག་ལ་ནི་སྲོལ་རྒྱུན་གྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ཕན་ཚུན་འཕེལ་རྒྱས་ཀྱི་རོགས་ཟླ་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་བྷང་ག་ལའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྲ་བརྟན་དུ་བཏང་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྔོན་འགྲོའི་ཆ་རྐྱེན་འོག  རིམ་བཞིན་ཆ་རྐྱེན་བཟང་པོ་གཏོད་འདོད་ཡོད་པ་དང་། མཉམ་ལས་རྣམ་གྲངས་གཙོ་བོ་ལག་བསྟར་སླར་གསོ་བྱས་ནས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོར་བྱས་ཏེ། ཕྱོགས་གཉིས་ཀྱིས་རིམས་ནད་གྲོལ་རྗེས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་ཆེར་གཏོང་བའི་རྨང་གཞི་བཟང་པོ་བསྐྲུན་ཡོད་ཅེས་གསུངས།

   ཧ་ཤིས་ནཱ་ཡིས་བཤད་རྒྱུར། བྷང་ག་ལ་དང་ཀྲུང་གོའི་བར་གྱི་མཛའ་གྲོགས་འབྲེལ་བ་ཟབ་མོ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས2016ལོར་བྷང་ག་ལ་རྒྱལ་དོན་འཚམས་འདྲི་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐོ་ཚད་གསར་པར་སྐུལ་འདེད་བཏང་ཡོད། བྷང་ག་ལ་ཕྱོགས་ཀྱིས་རིམས་ནད་སྔོན་འགོག་བྱེད་པའི་དཀའ་ཚེགས་ཆེ་བའི་དུས་སྐབས་སུ། ཀྲུང་གོ་ཕྱོགས་ཀྱིས་མཁོ་འདོན་བྱས་པའི་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་གྱིས་བྷང་ག་ལའི་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་ཕྱིན་པ་དང་། བྷང་ག་ལའི་དཀའ་ངལ་སེལ་བའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད། བྷང་ག་ལ་ཕྱོགས་ཀྱིས་དེའི་ཐད་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། པྲོག་གསར་གློ་ཚད་རིམས་ནད་ནི་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཞིག་ཡིན་པས། རྒྱལ་ཁབ་སོ་སོས་ཐུན་མོང་གིས་ཁ་གཏད་གཅོག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་ན་ཡོད་པའི་བྷང་ག་ལའི་སྤྱི་དམངས་དང་ལྷག་པར་དུ་ཝུའུ་ཧན་དུ་ཡོད་པའི་བྷང་ག་ལའི་སློབ་མར་ལྟ་རྟོག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བྷང་ག་ལ་ཕྱོགས་ཀྱིས་བྷང་ག་ལ་ན་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་འཚོ་བར་འགན་ལེན་ཡག་པོ་བྱེད་རྒྱུ་ཡིན། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་ནས། བྷང་ག་ལ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།