ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་ཉིས་སྟོང་ཉི་ཤུ་ལོའི་དྲ་ཐོག་ཀྲུང་གོའི་ཐོན་རྫས་གྲགས་ཅན་ཉིན་མོའི་བྱ་འགུལ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚེས་བཅུ་ཉིན་ཉིས་སྟོང་ཉི་ཤུ་ལོའི་དྲ་ཐོག་ཀྲུང་གོའི་ཐོན་རྫས་གྲགས་ཅན་ཉིན་མོའི་བྱ་འགུལ་ལ་ཞུགས་པར་མ་ཟད་བྱ་འགུལ་མགོ་བརྩམས་པ་ཁྱབ་སྒྲོག་མཛད། 

ཉིན་དེའི་སྔ་དྲོར་ཧན་ཀྲིན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལི་ཧྥུན་གཉིས་པེ་ཅིང་གི་ཚོགས་ར་གཙོ་བོར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྥུའུ་ཅི་ལིས་ཆང་ཧྲང་ཧེའི་ཚོགས་ར་གཙོ་བོར་ཞུགས། མཉམ་འབྲེལ་དྲ་རྒྱའི་སྟེགས་བུ་བརྒྱུད་དེ་མཉམ་དུ་བྱ་འགུལ་མགོ་རྩོམ་པའི་མཛད་སྒོར་ཞུགས། བྱ་འགུལ་མགོ་རྩོམ་པའི་མཛད་སྒོའི་སྟེང་ཐོག་མར་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་སྒྲོག་འདོན་བྱས། དེའི་རྗེས་སུ་ཀྲུང་གོའི་ཐོན་རྫས་གྲགས་ཅན་ཉིན་མོའི་བྱ་འགུལ་གྱི་བརྗོད་དོན་བརྙན་རིས་བསྟན། ཧྲང་ཧེ་དང་ཧུའུ་པེ། ཅི་ལིན། ཀྲེ་ཅང་། སི་ཁྲོན་བཅས་ཞིང་ཆེན་དང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་དང་ཀྲུང་གོའི་ལྕགས་ལམ་བཟོ་སྐྲུན་སྒྲིག་ཆས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་འགན་ཁུར་བློ་མཐུན་གྱིས་སྔ་གཞུག་ཏུ་ཐོན་རྫས་གྲགས་ཅན་གྱི་འཛུགས་སྐྲུན་གནས་ཚུལ་སྙན་ཞུ་བྱས། ལིས་ཆང་དང་ཧི་ལི་ཧྥུན་གཉིས་ཀྱིས་སོ་སོར་ཞུ་ཚིག་ཕུལ། དུས་ཚོད་བཅུ་ཡས་མས་སུ། ཧན་ཀྲིན་གྱིས་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་ཐོན་རྫས་གྲགས་ཅན་ཉིན་མོའི་བྱ་འགུལ་མགོ་བརྩམས་པ་ཁྱབ་སྒྲོག་བྱས། 

ཐེངས་འདིའི་དྲ་ཐོག་ཀྲུང་གོའི་ཐོན་རྫས་གྲགས་ཅན་ཉིན་མོའི་བྱ་འགུལ་ནི་མཉམ་འབྲེལ་དྲ་རྒྱའི་སྟེགས་བུའི་སྟེང་སྤེལ་བ་དང་། རྒྱུན་རྣམ་ཅན་གྱི་རིམས་འགོག་འོག་གི་གསར་གཏོད་ཀྱི་བྱ་འགུལ་རྣམ་པ་ཞིག་ཡིན་ལ། བསྟུད་མར་ཀྲུང་གོའི་ཐོན་རྫས་གྲགས་ཅན་གྱི་འཛུགས་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཚོལ་ཞིབ་གང་ལེགས་བྱས། བྱ་འགུལ་དེ་ནི་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་བཟོ་ལས་དང་བརྡ་འཕྲིན་ཅན་གྱི་པུའུ། ཞིང་ལས་ཞིང་སྡེའི་པུའུ། ཚོང་དོན་པུའུ། ཚོང་རའི་ལྟ་རྟོག་དོ་དམ་སྤྱི་ཁྱབ་ཅུའུ། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ། ཧྲང་ཧེ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱི་བར་མཉམ་འབྲེལ་བྱས་ཏེ་བསྒྲུབས་པ་ཡིན་ལ། བརྗོད་སྙིང་ནི་ཀྲུང་གོའི་ཐོན་རྫས་གྲགས་ཅན་འཛམ་གླིང་ཡོངས་ཀྱིས་མཉམ་སྤྱོད་བྱེད་པ་དང་། ཕྱོགས་ཡོངས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱས་ཏེ་སྤུས་ཚད་མཐོ་བའི་འཚོ་བ་མངོན་འགྱུར་བྱེད་པ། འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་བཅོས་བྱེད་པར་མིང་གྲགས་ཐོན་རྫས་ཀྱི་སྟོབས་ཤུགས་འདོན་དགོས་ཞེས་པ་དེ་རེད། 

ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དག་པེ་ཅིང་གི་ཚོགས་ར་གཙོ་བོར་ཞུགས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོ། ཐད་གཏོགས་གྲོང་ཁྱེར་དང་འཆར་འགོད་དུ་ཚུད་པའི་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་ས་ཁུལ་སོ་སོའི་ཚོགས་ར་ནས་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།