ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས7ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས། 

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་བསྡུས་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་རིམས་ནད་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་གཞིར་བཟུང་སྟེ། ཕན་ནུས་ལྡན་པའི་འགོག་སྲུང་བྱེད་ཐབས་སྤྱི་བསྡོམས་དང་བེད་སྤྱོད་གང་ལེགས་བྱས་ཏེ། རྒྱུན་རྣམ་ཅན་གྱི་འགོག་སྲུང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཕྱི་ཡོང་མི་སྣའི་རིམས་འགོག་བྱ་བ་བཟང་བོར་སྒྲུབ་ནས་རིམས་ནད་ཡང་བསྐྱར་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས་པར་བསྟན། 

གྲོས་ཚོགས་ནས་བསྟན་དོན། ས་ཁུལ་སོ་སོས་ལྔ་གཅིག་སྐབས་སུ་མི་སྣའི་འཁོར་རྒྱུག་ཅུང་ཆེ་བ་དང་ཁྱབ་ཁོངས་ངེས་ཅན་གྱི་མི་སྣ་མཉམ་འདུས་ཀྱི་གནས་ཚུལ་འོག་རིམས་འགོག་བྱེད་ཐབས་ལག་བསྟར་བྱས་པའི་ཕན་འབྲས་ལ་དཔྱད་འཇོག་བྱས་ཤིང་། གནས་སྐོར་མཛེས་ལྗོངས་དང་ཟ་ཁང་། མགྲོན་ཁང་། ཚོང་ར་སོགས་ཀྱི་རིམས་ནད་འགོག་སྲུང་བྱེད་པར་ཕན་ཐོགས་ཡོད་པ་དང་ཚོང་ར་སླར་གསོ་བྱེད་པར་ཕན་པའི་ནུས་ལྡན་བྱེད་ཐབས་སྤྱི་བསྡོམས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱུན་རྣམ་ཅན་གྱི་འགོག་སྲུང་གི་ཡང་དག་རང་བཞིན་ཇེ་མཐོར་བཏང་སྟེ། འཚོ་བའི་ཞབས་ཞུའི་སྒྲིག་ཆས་སྔར་ལས་མང་བོའི་ཚོང་གཉེར་སླར་གསོ་དང་འཛད་སྤྱོད་འཕར་བར་སྐུལ་ཁྲིད་བྱེད་དགོས། 

གྲོས་ཚོགས་ནས་བསྟན་དོན། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན་མང་བོའི་སློབ་གྲྭ་འབྲིང་ཆུང་མང་བོས་གོ་རིམ་ཡོད་པའི་སྒོ་ནས་སློབ་ཁྲིད་སླར་གསོ་བྱས་པ་དང་། མཐོ་རིམ་སློབ་གྲྭའི་སློབ་མ་སྐོར་ཞིག་ཕྱིར་སློབ་གྲྭར་ལོག་མགོ་བརྩམས། སློབ་གྲྭ་འབྲིང་ཆུང་གིས་སློབ་ཁྲིད་སླར་གསོ་བྱས་རྗེས་ཀྱི་རིམས་ནད་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། མཐོ་རིམ་སློབ་གྲྭས་ས་ཁོངས་གཞན་པའི་སློབ་མ་ཕྱིར་སློབ་གྲྭར་ལོག་པ་དང་། ཉལ་ཁང་དང་སློབ་ཁང་། ཟ་ཁང་བཅས་ཀྱི་མི་མང་བོ་གཅིག་འདུས་ཀྱི་གནས་ཚུལ་ལ་དམིགས་ཏེ། ཚན་རིག་དང་མཐུན་པའི་འགོག་སྲུང་བྱེད་ཐབས་ཀྱིས་སློབ་ཁྲིད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས། 

གྲོས་ཚོགས་ནས་སྔར་ལས་སྟོབས་ཤུགས་གཅིག་བསྡུས་སྒོས་ཉིང་སྐྱུར་གྱི་ཚད་འཇལ་ནུས་པ་ཇེ་མཐོར་གཏོང་བ་དང་། ཁྱད་པར་དུ་བརྟག་དཔྱད་ཀྱི་ཡུན་ཚད་ཐུང་བ་དང་ཚོད་ལྟ་ཁང་མི་དགོས་པའི་ཉིང་སྐྱུར་ཚད་ཀྱི་ཚད་འཇལ་སྒྲིག་ཆས་ཀྱི་ཐོན་སྐྱེད་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་དགོས་ལ། སྤོ་སྒུལ་སྒྲོམ་ཤག་ཚོད་ལྟའི་ཁང་ཐོན་སྐྱེད་ལ་རྩ་འཛུགས་བྱེད་པ་དང་བརྟག་དཔྱད་ལས་ཁུངས་གཞན་པ་སྔར་ལས་མང་བོ་ཉིང་སྐྱུར་གྱི་ཚད་འཇལ་ནང་ཞུགས་སུ་བཅུག་སྟེ། ཞིབ་བཤེར་ཚད་འཇལ་གྱི་བདེ་འཇགས་དང་མྱུར་ཚད། ཡིད་རྟོན་བཅས་ལ་ཁག་ཐེག་བྱེད་དགོས་པར་མ་ཟད། རིམས་ནད་བྱུང་བའི་གནས་ཚུལ་ཡོད་ན་མྱུར་དུ་ཡང་དག་པར་ཚོད་འཛིན་དོ་དམ་བྱས་ཏེ། དངོས་ཐོག་བདེན་འཚོལ་དང་བརྡ་འཕྲིན་མངོན་གསལ་གྱིས་ཡོངས་བསྒྲགས་བྱེད་པ་ལས་གསང་རྒྱ་དང་ཆད་ལྷག་སོགས་གཏན་ནས་འབྱུང་དུ་འཇུག་མི་རུང་བའི་རེ་བ་བཏོན། 

མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཏེན་ཞོས་ཞང་དང་། སུང་ཁྲོན་ལན། ཧོང་ཁོན་མེན། ཚེ་ཆི། ཝང་དབྱེ། ཞའོ་ཅེ། ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།