ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡོ་དབྱི་ཧྥུའུ་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས7ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡོ་དབྱི་ཧྥུའུ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་ཝུའུ་ཙི་པེ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་དང་རྦད་ཆོད་སྒོས་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། ཞི་ཅིན་ཕིང་གིས་བསྟན་དོན། དཀའ་སྡུག་མཉམ་སེལ་དང་ཕན་ཚུན་རོགས་རེས་བྱེད་པ་ནི་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་འབྲེལ་བའི་སྲོལ་རྒྱུན་བཟང་བོ་ཡིན། ཀྲུང་གོས་རིམས་ནད་འགོག་བཅོས་བྱེད་པའི་གནད་འགག་དུས་སྐབས་སུ་ཝུའུ་ཙི་པེ་ཁི་སི་ཐན་གྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོས་ཀྲུང་གོར་རོགས་སྐྱོར་བྱས་པ་དང་། ཝུའུ་ཙི་པེ་ཁི་སི་ཐན་གྱིས་རིམས་ནད་འགོག་སྲུང་བྱེད་པར་ཀྲུང་གོ་མི་དམངས་ཀྱིས་ཀྱང་ཡིད་འཇོག་ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་སྲིད་གཞུང་དང་འབྲེལ་ཡོད་ས་གནས་དང་ཁེ་ལས་ཀྱིས་འཕྲོ་རིམ་འཕྲོར་རོགས་སྐྱོར་དངོས་རྫས་ཝུའུ་ཙི་པེ་ཁི་སི་ཐན་ལ་བསྐྱལ་བ་དང་། རྒྱལ་ཁབ་གཉིས་ཀྱི་ཆེད་མཁས་པས་བརྙན་རིས་བརྒྱུད་དེ་རིམས་འགོག་ཉམས་མྱོང་བརྗེ་རེས་བྱས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་རིགས་འགོག་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱེད་ངེས་ཡིན། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་ཝུའུ་ཙི་པེ་ཁི་སི་ཐན་ན་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་རྒྱུན་ལྡན་འཚོ་བའི་སྒྲིག་ལམ་ལ་འགན་སྲུང་བྱེད་དགོས་ཟེར།

མུས་ཨར་ཅི་ཡོ་དབྱི་ཧྥའུ་ཡིས་བཤད་དོན།  ཁྱེད་ཀྱི་ཡང་དག་པའི་འགོ་ཁྲིད་འོག ཀྲུང་གོ་སྲིད་གཞུང་གིས་རྦད་ཆོད་དང་ནུས་ལྡན་བྱེད་ཐབས་སྤྱད་དེ་དུས་ཡུན་ཐུང་ངུའི་ནང་རིམས་ནད་ཚོད་འཛིན་བྱས་པ་དེ་ལས་ཀྲུང་གོ་མི་དམངས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་པ་མཚོན་པར་མ་ཟད་རྒྱལ་ཁབ་སོ་སོར་དཔེ་སྟོན་གྱི་ནུས་པ་བཏོན། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ལ་དཀའ་ཁག་ཆེ་བའི་དུས་སྐབས་སུ་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ། ཀྲུང་གོ་ཕྱོགས་ཀྱི་རིན་ཐང་བྲལ་བའི་ཉམས་མྱོང་དང་རོགས་རམ་ལ་བརྟེན་ནས་ཝུའུ་ཙི་པེ་ཁི་སི་ཐན་གྱི་རིམས་ནད་འགོག་སྲུང་ཐད་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།