ཀྲུང་གོ་བོད་ཀྱི་དྲ་བ།

​ཞི་ཅིན་ཕིང་གིས་ཕུའུ་ཐའོ་ཡའི་ཙུང་ཐུང་ཏི་སོ་སཱ་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས7ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ཐའོ་ཡའི་ཙུང་ཐུང་ཏི་སོ་སཱ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཁྱེད་ཀྱིས་ཡི་གེ་བསྐུར་ནས་ཀྲུང་གོའི་མི་དམངས་ལ་འཚམས་འདྲི་གནང་བར་ངས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཕུའུ་ཐའོ་ཡ་ཡིས་ཕྱར་བ་གྲུ་འདེགས་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཕུའུ་ཐའོ་ཡའི་རིམས་ནད་སྔོན་འགོག་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་མ་ཟད། མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱས་ཏེ།  ཧུར་ཐག་གིས་ཕུའུ་ཐའོ་ཡ་ཕྱོགས་ཀྱིས་ཀྲུང་གོར་སྨན་བཅོས་དངོས་ཟོག་ཉོ་སྒྲུབ་དང་སྐྱེལ་འདྲེན་བྱེད་པར་རམ་འདེགས་བྱེད་པ་དང་། རིམས་ནད་བྱུང་རྗེས་ཕྱོགས་གཉིས་པོས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། སྤྱིའི་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གསུམ་པའི་མཉམ་ལས་འཚོལ་ཞིབ་བྱས་ཏེ། ཀྲུང་གོ་དང་ཕུའུ་ཐའོ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད། 

  ཞི་ཅིན་ཕིང་གིས་བཤད་རྒྱུར། མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ནི་མིའི་རིགས་ཀྱིས་གནོད་འཚེ་སྣ་ཚོགས་ལ་འགོག་རྒོལ་བྱས་ཏེ་རྣམ་པར་རྒྱལ་བའི་ལོ་རྒྱུས་ཤིག་རེད། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་ལ་སྔར་བས་སྲུང་སྐྱོང་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ང་ཚོའི་ཕྲག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན། རྒྱལ་ཁབ་སོ་སོས་ལས་དབང་དང་ཐུན་མོང་གི་བརྩེ་སེམས་ལ་གཞིགས་ནས་མཐུན་སྒྲིལ་མཉམ་ལས་བྱས་ཚེ་གཞི་ནས་དུས་རབས་རང་བཞིན་གྱི་དཀའ་གནད་དང་འགྲན་སློང་སྣ་ཚོགས་སེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་ཐུབ། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་རིམས་ནད་འགོག་པའི་མཉམ་ལས་མཐུན་སྦྱོར་ཐད་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། ད་དུང་སྤྱིའི་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་པ་དང་། ཀྲུང་གོ་དང་ཡོ་རོབ་བར་དང་། ཀྲུང་གོ་དང་ཕུའུ་ཐའོ་ཡའི་བར་གྱིས་ལག་གདང་སྦྲེལ་ནས་འབད་བརྩོན་ཆེན་པོ་བྱ་དགོས་ཞེས་གསུངས་པ་རེད།

ཏི་སོ་སཱ་ཡིས་བཤད་རྒྱུར། ཕུའུ་ཐའོ་ཡ་ཕྱོགས་ཀྱིས་ཀྲུང་གོའི་མི་དམངས་ཀྱིས་རིམས་ནད་ལ་སྔོན་འགོག་བྱེད་པའི་ཁྲོད་མངོན་པའི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་ལ་ཡིད་སྨོན་བྱེད་ཀྱིན་ཡོད། པྲོག་གསར་གློ་ཚད་རིམས་ནད་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་དགྲ་བོ་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕུའུ་ཐའོ་ཡ་དང་ཀྲུང་གོའི་མཛའ་གྲོགས་མ་འོངས་པར་ཁ་ཕྱོགས་ཏེ། ཐུན་མོང་གིས་རིམས་ནད་ལ་འགོག་རྒོལ་བྱེད་པ་བརྒྱུད། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་གྲོགས་སྔར་བས་ཇེ་ཟབ་ཏུ་འགྲོ་ངེས་པ་དང་། ཕུའུ་ཐའོ་ཡ་དང་ཀྲུང་གོའི་རོགས་ཟླའི་འབྲེལ་བ་སྔར་བས་ཇེ་བརྟན་དུ་འགྲོ་ངེས་རེད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།