ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་ཚན་ཆུང་གི་ལས་དོན་སྙན་ཞུར་ཉན་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་གཞི་དང་ལམ་སྲོལ་ཞིབ་འཇུག་དང་འཐུས་ཚང་དུ་བཏང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་ཧུའུ་པེ་སོགས་རིམས་ནད་ཚབས་ཆེ་བའི་ས་ཁུལ་དུ་མཛུབ་ཁྲིད་ཚན་ཆུང་མངགས་ཏེ།  ཏང་ཀྲུང་དབྱང་གི་རིམས་ནད་འགོག་སྲུང་བྱ་བའི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ལག་ལེན་དངོས་འབེབས་བྱས་པ་དང་།  ཕྱོགས་ཡོངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོའི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་གནང་བ་རེད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཀྲུང་དབྱང་མཛུབ་ཁྲིད་ཚན་ཆུང་གིས་ཧུའུ་པེ་མི་དམངས་དང་ཝུའུ་ཧན་མི་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་པ་དང་། འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་དང་། ནད་པ་སྐྱོབ་བཅོས། དངོས་ཟོག་འགན་ལེན་བཅས་གཙོ་གནད་ཁག་གསུམ་ལ་དམ་འཛིན་ཡག་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་རིམས་ནད་མཆེད་རྒྱུ་ཚོད་འཛིན་བྱས་པ་དང་། ཧུར་ཐག་གིས་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་སྲུང་བྱས་ཏེ། ཀྲུང་གོའི་སྟོབས་ཤུགས་དང་། ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་ལས་ཕྱོད་བཅས་མངོན་པར་བྱས་ལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད་ཅེས་གསུངས།

  ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་ཕྱི་རྒྱལ་གྱི་རིམས་ནད་གང་སར་མཆེད་པའི་གནས་ཚུལ་ལ་བཀག་འགོག་ནུས་ལྡན་བྱུང་མེད་པ་དང་། རྒྱལ་ནང་གི་ས་ཁུལ་ཁ་ཤས་སུ་གཅིག་སྡུད་རང་བཞིན་གྱི་རིམས་ནད་ཐོན་པ། པྲོག་དབྱིབས་ནད་དུག་གསར་པ་ད་དུང་གཏན་འཁེལ་མེད་པའི་རང་བཞིན་ཆེན་པོ་ལྡན་ཡོད་པས། ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དེ་དོས་དྲག་ཅན་གྱི་རྒྱུན་གཏན་ལས་བརྒལ་ནས་རྒྱུན་གཏན་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་པའི་ཕྱོགས་སུ་བསྒྱུར་མོད། འོན་ཀྱང་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལ་ལྷོད་གཡང་བྱེད་མི་རུང་། ཏང་ཀྲུང་དབྱང་གིས་མུ་མཐུད་དུ་འབྲེལ་གཏུག་ཚན་ཆུང་མངགས་ནས་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྗེས་མཐུད་ལས་དོན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་བྱས་པ་རེད། དྲག་སྐྱེད་བྱུང་བའི་ནད་པའི་སེམས་ཁམས་གསོ་བའི་ལས་དོན་ལ་མུ་མཐུད་དུ་མཛུབ་ཁྲིད་ཡག་པོ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཕྱི་འགོག་ནང་འདྲེན་དང་ནང་འགོག་བསྐྱར་ལོག་བཅས་ལ་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་ལས་དོན་སོ་སོ་དམ་འཛིན་ཡག་པོ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། སྔོན་གྱི་བྱས་རྗེས་ཚང་མ་སྣང་མེད་དུ་གཏོང་མི་རུང་། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ་དང་། དུས་མཚུངས་སུ་ཧུའུ་པེ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་ཇུས་རབ་དང་རིམ་པ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ནས་ཐོན་སྐྱེད་དང་འཚོ་བའི་རྒྱུན་གཏན་སྒྲིག་ལམ་མགྱོགས་མྱུར་སླར་གསོ་བྱེད་དགོས་ཞེས་གསུངས་པ་རེད།

   ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལག་ལེན་ཁྲོད་ནུས་པ་ཐོན་པའི་བྱེད་ཐབས་དུས་ཐོག་ཏུ་ཕྱོགས་སྡོམ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་གྱི་ཞན་ཆ་གསབ་པ་དང་། སྐྱོན་ཆ་འགོག་པ། སྟོབས་ཆེ་ཆུང་གི་རྣམ་པ་བཅས་ལ་དམིགས་ཏེ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་མཐུན་སྦྱོར་བྱེད་པ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་སྒྱུར་བཅོས་བྱེད་པ། རིམས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡའི་ནུས་པ་ཆེ་རུ་གཏོང་བ། སྤྱིའི་འཕྲོད་བསྟེན་འཕྲལ་སྡོམ་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་། རིམས་ནད་ཚབས་ཆེན་དང་སྤྱིའི་འཕྲོད་བསྟེན་འཕྲལ་སྡོམ་དོ་དམ་དང་སྐྱོབ་བཅོས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྒྲིག་བཅོས་ལ་སྐུལ་འདེད་གཏོང་བ། སྤྱིའི་འཕྲོད་བསྟེན་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། ཡ་རབས་སྐྱོན་བྲལ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན།

 ཚོགས་འདུའི་སྟེང་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།