ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་ཕྱི་ནང་གི་པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། རྒྱུན་རྣམ་ཅན་གྱི་རིམས་འགོག་བྱེད་ཐབས་འཐུང་དུ་གཏོང་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ཧུའུ་པེ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པར་ཞིབ་འཇུག་བྱས་ཏེ་གཏན་ལ་ཕབ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་དང་ཕྱོགས་སོ་སོས་རྒྱབ་སྐྱོར་ཆེན་པོ་གནང་བ་དང་། ཧུའུ་པེ་མི་དམངས་དང་ལྷག་པར་དུ་ཝུའུ་ཧན་མི་དམངས་ཀྱིས་གཞོགས་འདེགས་ཆེན་པོ་བྱས་འོག ཧུའུ་པེ་སྲུང་སྐྱོབ་འཐབ་འཛིང་དང་ཝུའུ་ཧན་སྲུང་སྐྱོབ་འཐབ་འཛིང་ཐད་ནས་ཐག་ཆོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། རྒྱལ་ཡོངས་ཀྱི་རིམས་ནད་འགོག་རྒོལ་ཐད་ནས་འཐབ་ཇུས་གྲུབ་འབྲས་གལ་ཆེན་ཐོབ། དེ་ནི་ཐོབ་སླ་མོ་ཞིག་མིན། དེང་སྐབས་ཕྱི་རྒྱལ་དུ་རིམས་ནད་འགོས་ཁྱབ་ཏུ་འགྲོ་བའི་གནས་བབ་སྔར་བཞིན་ཛ་དྲག་ཆེ་ཞིང་རང་རྒྱལ་དུ་ཕྱི་ནས་ནང་ལ་མཆེད་པའི་གནོན་ཤུགས་ཆེ་བ་དང་། རྒྱལ་ནང་དུ་རིམས་ནད་ཡང་བསྐྱར་འཕར་བ་གཏན་འགོག་བྱེད་པའི་རྙོག་འཛིང་རང་བཞིན་ཡང་ཇེ་དྲག་ཏུ་འགྲོ་བཞིན་ཡོད། རིམས་ནད་འགོག་སྲུང་བྱ་བ་ངེས་པར་དུ་དམ་འཛིན་བྱེད་དགོས་པ་ལས་ལྷོད་གཡེང་དུ་གཏོང་མི་རུང་། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་རྒྱུན་རྣམ་ཅན་གྱི་རིམས་འགོག་བྱ་བ་ཞིབ་ཕྲ་སྒོས་དམ་འཛིན་བྱས་ཏེ། དམིགས་ཡུལ་ཡོད་པའི་སྒོ་ནས་ཕྱི་ནས་ནང་ལ་མཆེད་པ་འགོག་སྲུང་དང་ནང་ནས་ཡང་བསྐྱར་འཕར་བ་གཏན་འགོག་བྱེད་པའི་བྱེད་ཐབས་ལ་ཤུགས་སྣོན་པ་དང་། རིམས་འགོག་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པར་སྟོབས་ལྡན་འགན་སྲུང་འདོན་སྤྲོད་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་འགན་སྲུང་བྱེད་པར་མ་ཟད་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ས་ཁུལ་གཙོ་བོ་དང་མང་ཚོགས་ཚོགས་པ་གཙོ་བོའི་རིམས་འགོག་བྱ་བ་དམ་འཛིན་བྱེད་དགོས། ཧེ་ལུང་ཅང་ཞིང་ཆེན་གྱིས་འགོག་སྲུང་བྱ་བའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་ཤུགས་སྣོན་བྱས་ཏེ། ཞན་ཆར་ཞིབ་བཤེར་བྱེད་པ་དང་མི་འདང་ས་ཁ་གསབ་བྱེད་པ་དང་། ལྷག་པར་དུ་སྨན་ཁང་ནས་འགོས་ཁྱབ་ཏུ་འགྲོ་བར་འགོག་སྲུང་བྱེད་པར་ཤུགས་སྣོན་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྨན་བཅོས་དང་མྱུར་སྐྱོབ་བྱ་བ་བཟང་བོར་བསྒྲུབ་དགོས། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་མུ་མཐུད་དུ་གཞིས་ཁུལ་གྱི་རིམས་ནད་འགོག་སྲུང་བྱ་བར་ཤུགས་སྣོན་དགོས། པེ་ཅིན་གྲོང་ཁྱེར་གྱིས་མུ་མཐུད་དུ་འགོག་སྲུང་ལས་འགན་དངོས་འབེབས་བཟང་བོ་བྱེད་དགོས། ས་གནས་སོ་སོས་རྒྱུན་རྣམ་ཅན་གྱི་རིམས་འགོག་བྱེད་ཐབས་དངོས་འབེབས་དང་འཐུས་ཚང་དུ་བཏང་སྟེ་མུ་མཐུད་དུ་དགོས་ངེས་ཀྱི་མི་སྣར་དོ་དམ་དང་བདེ་ཐང་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་བྱེད་ཐབས་སྔར་ལས་རྒྱུན་འཁྱོངས་བྱེད་པ་དང་། ཁེ་ལས་ལས་དོན་ལས་ཁུངས་དང་རིགས་སོ་སོའི་སྤྱི་ཐུན་ཚོགས་རས་འགོག་སྲུང་རེ་བ་དངོས་འབེབས་བྱེད་པར་ཁྲིད་སྟོན་བྱེད་དགོས་པར་མ་ཟད། མང་ཚོགས་ཀྱིས་རང་ཉིད་སྲུང་སྐྱོབ་བཟང་བོ་བྱེད་པར་ཁྲིད་སྟོན་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།