ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནས་བཏོན་པའི་གྲོས་གཞི་ཐག་གཅོད་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་ནས། ཚན་རིག་དང་དམངས་གཙོའི་ཐབས་ཇུས་ལ་སྐུལ་འདེད་གཏོང་བ་དང་སྲིད་གཞུང་གི་བཅོས་སྐྱོང་ནུས་པ་ཇེ་མཐོར་གཏོང་བ་དང་། བརྡ་འཕྲིན་དང་དྲ་རྒྱ་སོགས་རྣམ་པ་གསར་བའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཡར་སྐུལ་བཏང་ནས་ཐོན་ལས་དང་འཛད་སྤྱོད་ཀྱི་རིམ་འཕར་ལ་སྐུལ་འདེད་གཏོང་དགོས་པར་བསྟན། 

གྲོས་ཚོགས་ནས་བསྟན་དོན། དམངས་ཆེན་འཐུས་མིའི་གྲོས་གཞི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་འདོན་ཐག་གཅོད་བྱེད་པ་ནི་སྲིད་གཞུང་གིས་ཁྲིམས་ལྟར་ལས་འགན་ལག་བསྟར་བྱེད་པ་དང་། རང་འགུལ་གྱིས་མི་དམངས་ཀྱི་ལྟ་རྟོག་དང་ལེན་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པར་མ་ཟད། མི་མང་བོའི་བློ་གྲོས་མཉམ་དུ་བསྡུས་ནས་ཚན་རིག་དང་དམངས་གཙོའི་སྲིད་སྐྱོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ན་ནིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་གིས་སྣེ་ཁྲིད་དེ་ཐག་གཅོད་བྱས་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་གྲོས་གཞི་སྟོང་བདུན་དང་བརྒྱ་དང་རེ་གཉིས་དང་། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་གྲོས་འདོན་སྟོང་གསུམ་དང་ཉིས་བརྒྱ་གྱ་གཅིག་ཡོད་ལ། སོ་སོར་སྤྱི་གྲངས་ཀྱི་བརྒྱ་ཆའི་གྱ་བདུན་དང་གྲངས་ཆུང་བརྒྱད་དང་བརྒྱ་ཆའི་གྱ་ལྔ་ཟིན་ཡོད། འབྲེལ་ཡོད་སྡེ་ཁག་གིས་ནན་ཏན་གྱིས་འཐུས་མི་དང་ཨུ་ཡོན་གྱིས་བཏོན་པའི་བསམ་འཆར་གྲོས་གཞི་དང་ལེན་བྱས་ཤིང་། དེའི་རྨང་གཞིའི་སྟེང་དུ་སྲིད་ཇུས་བྱེད་ཐབས་སྟོང་གཅིག་དང་ལྔ་བརྒྱ་ལྷག་བཏོན་ནས་ཤུགས་ཆེན་པོས་འབྲེལ་ཡོད་བྱ་བར་སྐུལ་འདེད་བཏང་ཡོད། གྲོས་ཚོགས་ནས་ཚད་མཐོན་པོའི་འགན་འཁྲིའི་འདུ་ཤེས་ཀྱིས་མུ་མཐུད་དུ་ད་ལོའི་དམངས་ཆེན་འཐུས་མིའི་གྲོས་གཞི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་འདོན་ཐག་གཅོད་བྱ་བ་བཟང་བོར་བསྒྲུབས་པ་དང་། ཐུན་མོང་ལྟ་ཚུལ་གཅིག་བསྡུས་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྲིད་གཞུང་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན། གཅིག་ནས་གཙོ་བོ་གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་པར་དམིགས་ཏེ། ཕྱོགས་སོ་སོའི་བསམ་འཆར་ལ་རྒྱ་ཆེར་ཉན་པ་དང་། འཐུས་མི་དང་ཨུ་ཡོན་དག་ལ་དགོས་མཁོ་དང་འཐབ་ཇུས་ཅི་ཡོད་དྲིས་ནས། ཁོ་ཚོའི་བློ་གྲོས་ཀྱི་ཉིང་བཅུད་དེ་རིམས་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་སུ་བསྒྱུར་དགོས། གཉིས་ནས་ཐག་གཅོད་ཀྱི་སྤུས་ཚད་ཇེ་མཐོར་བཏང་སྟེ། མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་སྣང་བྱེད་པའི་གནད་དོན་གཙོ་བོ་དང་ཚོང་ར་གཙོ་བོར་བསམ་འཆར་ཆེ་བའི་གནད་དོན་ལ་བྱེད་ཐབས་དངོས་སྤྱོད་དགོས། གསུམ་ནས་གདན་ཞུས་རྟོག་ཞིབ་དང་ཆེད་དོན་བཞུགས་མོལ། དངོས་སུ་བཅར་འདྲི་སོགས་ཀྱི་ཐབས་ལ་བརྟེན་ནས། སྲིད་གཞུང་སྡེ་ཁག་གིས་འཐུས་མི་དང་ཨུ་ཡོན་བར་ཐད་ཀར་འབྲེལ་འདྲིས་ཐུབ་པའི་འབྲེལ་བ་འཛུགས་དགོས། 

གྲོས་ཚོགས་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། བརྡ་འཕྲིན་དང་དྲ་རྒྱ་སོགས་རྣམ་པ་གསར་བའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཐོན་ལས་གཅིག་གིས་ཐོན་ལས་བརྒྱར་སྐུལ་ཁྲིད་བྱས་ན་ཐོན་ལས་རིམ་འཕར་དང་སྒུལ་ནུས་གསར་བ་གསོ་སྤེལ་བྱེད་ཐུབ་པར་མ་ཟད། ལས་སྐྲུན་ལས་ཞུགས་ལ་སྐུལ་འདེད་བྱས་ཏེ་ཡུན་རིང་གི་ཁེ་ཕན་བསྐྲུན་ཐུབ། གཅིག་ནས་འཕེལ་རྒྱས་དགོས་མཁོ་དང་ཐོན་ལས་ཀྱི་སྦས་ཤུགས་གཞིར་བཟུང་སྟེ། བརྡ་འཕྲིན་དང་དྲ་རྒྱ་སོགས་རྣམ་པ་གསར་བའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་རྒྱལ་ནང་གི་དགོས་མཁོར་དམིགས་པ་དང་། བཀོལ་སྤྱོད་གཙོར་བཟུང་ནས་རང་རྒྱལ་གྱི་ཚོང་རའི་གཞི་རྒྱ་ཆེ་བའི་སྦས་ཤུགས་སྔོག་འདོན་བྱས་ཏེ། བཀོལ་སྤྱོད་ཀྱི་རྣམ་པ་རྒྱ་བསྐྱེད་གང་ལེགས་བྱེད་དགོས། གསུམ་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྒོ་འབྱེད་མཉམ་ལས་ལ་གཏིང་ཟབ་ཏུ་སྤེལ་ནས། གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།