ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་དབྱི་ལིང་གི་ཙུང་ཐུང་གིས་ཁ་པར་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་དང་ཁ་པར་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ། དབྱི་ལིང་སྲིད་གཞུང་དང་དབྱི་ལིང་མི་དམངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱ་བར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་རྒྱབ་སྐྱོར་མཛད། ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ཁྲོད་དུ། ཀྲུང་གོ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱིས་དཀའ་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་སྐྱོར་བྱས་ཏེ། ཀྲུང་གོ་དང་དབྱི་ལིང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བཤེས་ཟབ་མོ་མངོན་པར་མཚོན་ཡོད། ཀྲུང་གོའི་མི་དམངས་ཀྱིས་དབྱི་ལིང་མི་དམངས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པའི་ཐད་སེམས་ཁུར་བྱེད་བཞིན་ཡོད་ཅིང་། དབྱི་ལིང་ལ་རིམས་འགོག་དངོས་རྫས་སྐོར་ཐེངས་མང་བོའི་རོགས་སྐྱོར་བྱས་ཡོད་པར་མ་ཟད། དབྱི་ལིང་དུ་ཕྱི་ཕྱོགས་རིམ་འགོག་སྨན་བཅོས་ཆེད་མཁས་ཚན་ཆུང་ཐོག་མང་མངག་གཏོང་བྱས། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་ལིང་བར་གྱི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། རིམས་འགོག་ཉམས་མྱོང་མཉམ་སྤྱོད། རང་ནུས་ཅི་ལྕོགས་ཀྱི་རོགས་རམ་འདོན་སྤྲོད་བྱེད་འདོད་ཡོད། སྐུ་ཉིད་ཀྱི་མགོ་ཁྲིད་འོག་ཏུ་དབྱི་ལིང་མི་དམངས་ཀྱིས་སྔ་མོ་ནས་རིམས་འགོག་གི་རྒྱལ་ཁ་ལོན་སྲིད་པར་ཡིད་ཆེས་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་འཛམ་གླིང་ཡོངས་ཀྱི་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་གལ་ཆེན་མདུན་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ན། ད་གཟོད་རིམས་ནད་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཆགས་ཐུབ། ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་ཀྱིས་དབྱི་ལིང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིམས་འགོག་བྱ་བར་བཀག་རྒྱ་བཟོས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་དབྱི་ལིང་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བཞིན་ཡོད་པ་དང་། དབྱི་ལིང་གིས་རྒྱལ་ཁབ་རང་གི་བདག་དབང་དང་ལ་རྒྱར་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་དབྱི་ལིང་སོགས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། མཉམ་དུ་རིམས་འགོག་འཐབ་རྩོད་ཀྱི་མཇུག་མཐའི་རྒྱལ་ཁ་བརྩོན་ལེན་བྱས་ཏེ། འཛམ་གླིང་གི་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུངས། 

ལུའུ་ཧཱ་ནེ་ཡིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་བདེ་བླག་ངང་རིམས་ནད་འགོག་བཅོས་ཐུབ་པར་དགའ་སྤྲོ་སྐྱེས་ཡོད་པ་དང་། ཀྲུང་གོའི་ཕྱོགས་ཀྱི་ཉམས་མྱོང་དེ་རྒྱལ་ཁབ་སོ་སོས་དཔྱད་གཞིར་འཛིན་པའི་རིན་ཐང་ཡོད། རིམས་ནད་ཀྱི་མདུན་ནས་དབྱི་ལིང་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་སོང་ཡོད། དབྱི་ལིང་ཕྱོགས་ཀྱིས་ཀྲུང་གོས་དབྱི་ལིང་མི་དམངས་ཀྱིས་རིམས་ནད་འགོག་རྒོལ་ཐད་དུས་ལྟར་དངོས་རྫས་ཀྱི་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། ཀྲུང་གོའི་བར་གྱི་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད། གནས་བབ་གསར་བའི་འོག་ཏུ། དབྱི་ལིང་ལ་དམིགས་པའི་ཁྲིམས་འགལ་གྱི་ཕྱོགས་གཅིག་བཀག་སྡོམ་བྱེད་ཐབས་མྱུར་དུ་མེད་པར་གཏོང་དགོས། དབྱི་ལིང་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་དང་དབྱི་ལིང་ཕྱོགས་ཀྱི་ལུགས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།