ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་གི་ཕྱོགས་ཡོངས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་འགོ་འཛིན་མཛད་དེ་ཀྲུང་དབྱང་གི་ཕྱོགས་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་བསྡུས་ཏེ་གསུང་བཤད་གནངས། ཁོང་གིས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་རིམས་ནད་འགོག་སྲུང་དང་ཐོན་ལས་སླར་གསོའི་བྱ་བར་སྐུལ་འདེད་གང་ལེགས་ཐོབ་པའི་གཞི་རྩའི་རྒྱུ་རྐྱེན་ནི་ཏང་གི་མགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཁྱད་སྟོབས་ཀྱིས་གཞན་གྱིས་བསྒྲུན་དུ་མེད་པའི་ནུས་པ་གལ་ཆེན་བཏོན་པས་ཡིན། འཕེལ་རྒྱས་ཁོར་ཡུག་ཇི་ལྟར་རྙོག་འཛིང་ཆེ་ན། དེ་ལྟར་བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། ཕྱོགས་སོ་སོའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས་ལ། ལམ་ལུགས་འཛུགས་སྐྲུན་དང་བཅོས་སྐྱོང་ནུས་པ་སྔར་ལས་བཟང་བའི་སྒོ་ནས་རིམ་འགྱུར་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ་དང་། ལམ་ལུགས་ཀྱི་ཁྱད་སྟོབས་ལ་བརྟེན་ནས་ཉེན་ཁ་དང་འགྲན་རྩོད་ཐག་གཅོད་བྱེད་པར་མཁས་དགོས་ཞེས་གསུངས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཕྱོགས་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས། 

གྲོས་ཚོགས་ནས《སྤྱི་བའི་འཕྲོད་བསྟེན་འཕྲལ་སྒྲུབ་མཁོ་དངོས་ཀྱི་འགན་སྲུང་མ་ལག་འཐུས་ཚང་དུ་འཛུགས་པའི་ལག་བསྟར་ཇུས》དང《སྨན་བཅོས་འགན་སྲུང་མ་རྩའི་ལྟ་རྟོག་དོ་དམ་ལ་འགན་སྲུང་བྱེད་པའི་མ་ལག་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་འཆར》།《ལས་སྐྲུན་རྣམ་པའི་བཅོས་སྒྱུར་ཚོད་ལྟ་བྱེད་སའི་ཐོ་འགོད་ལམ་ལུགས་ཀྱི་སྤྱིའི་ལག་བསྟར་ཇུས་གཞི》།《ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར་གྱི་རྒྱལ་ཡོངས་སྐྱེ་ཁམས་མ་ལག་གཙོ་བོའི་སྲུང་སྐྱོབ་དང་ཞིག་གསོའི་བཟོ་སྐྲུན་གྱི་སྤྱིའི་འཆར་འགོད། 》།《ལུས་རྩལ་དང་སློབ་གསོ་མཉམ་འདྲེས་ཟབ་མོ་བྱས་ཏེ་ན་གཞོན་གྱི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར། 》།《ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་ཉེར་གཅིག་ལོའི་བར་གྱི་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་བཅོས་སྒྱུར་བྱེད་ཐབས་གཙོ་བོའི་ལག་བསྟར་འཆར་འགོད》བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། 

གྲོས་ཚོགས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་ཚན་རྩལ་སྒྲིག་ལུགས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་གནས་ཚུལ་དང་རྗེས་ཕྱོགས་ཀྱི་བཅོས་སྒྱུར་བསམ་ཕྱོགས་སྐོར་གྱི་སྙན་ཞུ་ལ་གསན། 

གྲོས་ཚོགས་ནས་བསྟན་དོན། རིམས་ནད་འགོག་བཅོས་འཐབ་རྩོད་ཀྱི་རྒྱལ་ཁ་ལོན་དགོས་ན་སྨན་བཅོས་དངོས་རྫས་ཀྱི་འགན་སྲུང་ནི་གལ་ཆེ་བའི་རྨང་གཞིའི་གཞོགས་འདེགས་ཡིན། ཐེངས་འདིའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་སྐབས། ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཏུ་འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་དང་གཞོགས་འདེགས་བྱས་པ་དང་། བྱེད་ཐབས་མང་བོ་མཉམ་དུ་སྤྱད་དེ། ཁེ་ལས་དག་གིས་མྱུར་མོར་ཐོན་ལས་སླར་གསོ་བྱེད་པ་དང་རྣམ་པ་མང་བོའི་སྒོ་ནས་ཐོན་ནུས་རྒྱ་བསྐྱེད་དང་ཐོན་ཚད་ཇེ་མང་དུ་གཏོང་བར་རྩ་འཛུགས་བྱས་ཤིང་། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་ལག་བསྟར་བྱས་ཏེ་བཀག་མེད་རྒྱུ་ལམ་བཙུགས་ནས་ས་ཁུལ་གཙོ་བོའི་སྨན་བཅོས་དངོས་རྫས་ཀྱི་མཁོ་འདོན་ལ་འགན་སྲུང་བྱས། སྤྱི་བའི་འཕྲོད་བསྟེན་འཕྲལ་སྒྲུབ་དངོས་རྫས་ཀྱི་འགན་སྲུང་ནུས་པ་ཇེ་མཐོར་བཏང་བ་དང་། སྟེང་གི་ཇུས་འགོད་ལ་ཤུགས་སྣོན་དང་སྡེ་ཁག་གི་མཐུན་སྦྱོར་ལེགས་བཅོས་བྱས། གཅིག་བསྡུས་དོ་དམ་དང་གཅིག་གྱུར་མཉམ་གཏོང་། དུས་རྒྱུན་ཞབས་ཞུ། གནོད་འཚེའི་འཕྲལ་སྒྲུབ། གྲོན་ཆུང་ནུས་མཐོ་བཅས་ཀྱི་རེ་བ་གཞིར་བཟུང་སྟེ། སྨན་བཅོས་འགོག་སྲུང་དང་དངོས་རྫས་གསོག་གྲབས། ཐོན་ནུས་སྐུལ་སློང་བཅས་གནས་གསུམ་གཞི་གཅིག་གི་དངོས་རྫས་འགན་སྲུང་མ་ལག་གསར་སྐྲུན་བྱེད་པ་དང་། འཕྲལ་སྒྲུབ་དངོས་རྫས་གསོག་གྲབས་ཀྱི་རིགས་སྣ་དང་གཞི་རྒྱ། གྲུབ་ཚུལ་བཅས་འཐུས་ཚང་དུ་གཏོང་བ། གསོག་གྲབས་ཀྱི་བྱེད་བས་གསར་གཏོད་བྱས་ཏེ་ཐོན་ནུས་འགན་སྲུང་དང་ས་ཁོངས་བཀོད་སྒྲིག་ལེགས་བཅོས་བྱས་པར་མ་ཟད། སྤྱི་བའི་འཕྲོད་བསྟེན་འཕྲལ་སྒྲུབ་དངོས་རྫས་ཀྱི་འགན་སྲུང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། འཕྲལ་སྒྲུབ་དངོས་རྫས་གལ་ཆེན་དག་གནད་འགག་གི་སྐབས་སུ་དུས་ལྟར་བེད་སྤྱོད་ཐུབ་པར་འགན་སྲུང་བྱས། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྨན་བཅོས་འགན་སྲུང་མ་དངུལ་ནི་མི་དམངས་མང་ཚོགས་ཀྱི་ནད་བཅོས་དང་སྲོག་སྐྱོབ་ཀྱི་སྒོར་མོ་ཡིན་པས་ངེས་པར་དུ་དོ་དམ་དང་བེད་སྤྱོད་བཟང་བོ་བྱེད་དགོས། ཐེངས་འདིའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་སྐབས། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་དང་ནོར་སྲིད་པུའུ་སོགས་སྡེ་ཁག་གིས་དུས་ལྟར་འབྲེལ་ཡོད་སྲིད་ཇུས་བཏོན་ནས། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གསོ་བཅོས་དེ་སྨན་བཅོས་འགན་སྲུང་གི་ཁྱབ་ཁོངས་སུ་བཞག་སྟེ་མ་དངུལ་སྐོར་ཞིག་སྔོན་བརྩིས་བྱས་ཏེ། ནད་པ་དག་སྨན་རིན་གྱི་གནད་དོན་དབང་གིས་སྨན་བཅོས་བྱེད་དཀའ་བའི་སྣང་ཚུལ་དང་གསོ་བཅོས་སྨན་ཁང་གིས་རྩིས་སྤྲོད་སྲིད་ཇུས་དབང་གིས་གསོ་བཅོས་ལ་ཤུགས་རྐྱེན་ཐེབས་པའི་སྣང་ཚུལ་མི་འབྱུང་བར་ཁག་ཐེག་བྱས། དེ་ལས་རང་རྒྱལ་གི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་རང་བཞིན་མངོན་པར་བྱས་ཡོད།

 གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་བྱ་བར་སྐུལ་འདེད་གཏོང་དགོས་ལ། འཕེལ་རྒྱས་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ཤིང་། རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ཀྱི་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་སླར་གསོ་ལ་གཅིག་གྱུར་བཀོད་འདོམ་བྱེད་པ་དང་། ཚན་རིག་ལྟར་རྒྱལ་ཡོངས་ཀྱི་སྐྱེ་ཁམས་མ་ལག་གཙོ་བོའི་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་ཆེན་མོ་བཀོད་སྒྲིག་བྱེད་དགོས། རང་བྱུང་སྐྱེ་ཁམས་མ་ལག་གི་འཕེལ་འགྱུར་ཆོས་ཉིད་དང་ནང་རྐྱེན་ནས་མགོ་བརྩམས་ཏེ། སྐྱེ་ཁམས་མ་ལག་རང་སྟེང་གི་སླར་གསོའི་ནུས་པ་ཇེ་མཐོར་གཏོང་བ་དང་སྐྱེ་ཁམས་མ་ལག་གི་གཏན་འཇགས་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། རང་བྱུང་སྐྱེ་ཁམས་མ་ལག་གི་རྒྱུ་སྤུས་སྤྱི་ཡོངས་ཀྱི་ལེགས་བཅོས་དང་སྐྱེ་ཁམས་ཐོན་རྫས་ཀྱི་མཁོ་འདོན་ནུས་པའི་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་འགྲོ་བར་སྐུལ་འདེད་གཏོང་དགོས། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་བཅོས་བསྒྱུར་བྱེད་ཐབས་གཙོ་བོའི་ལག་བསྟར་འཆར་འགོད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ལག་བསྟར་འཆར་གཞིར་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་རེ་བ་ཁོང་དུ་ཆུད་པར་བྱས་ཏེ། མ་ལག་གི་གྲུབ་ཚུལ་དང་མཐུན་སྦྱོར་ཕན་ནུས་ལ་དོ་སྣང་བྱས་ནས། ལམ་ལུགས་རྒྱུན་འཁྱོངས་དང་སྲ་བརྟན་དུ་གཏོང་བ་དང་། ལམ་ལུགས་འཐུས་ཚང་དུ་འཕེལ་རྒྱས་སུ་གཏོང་བ། ལམ་ལུགས་བརྩི་སྲུང་དང་ལག་བསྟར་བྱེད་པ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དེང་སྐབས་རང་རྒྱལ་གྱི་རིམས་ནད་འགོག་བཅོས་ཀྱི་རྣམ་པ་བཟང་ཡང་། ང་ཚོས་སྔར་བཞིན་མ་མཐའི་ཚད་གཞིའི་བསམ་བློ་རྒྱུན་འཁྱོངས་བྱས་ཤིང་། དུས་ཡུན་རིང་བོར་ཕྱི་ཕྱོགས་ཀྱི་ཁོར་ཡུག་འགྱུར་ལྡོག་ཐག་གཅོད་བྱེད་པའི་བསམ་བློའི་གྲ་སྒྲིག་དང་བྱ་བའི་གྲ་སྒྲིག་གང་ལེགས་བྱས་ཏེ། བཅོས་བསྒྱུར་བྱེད་པར་བསམ་གཞིག་དང་བཀོད་སྒྲིག་རབ་དང་རིམ་པ་མཁོ་བ་དང་། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱས་ནས། ཉེན་ཁ་འགོག་པ་དང་རྨང་གཞི་འདིང་བ། དམངས་འཚོར་ཕན་པ། རྒྱང་རིང་ལ་ཕན་པའི་བཅོས་བསྒྱུར་བཅས་གཅིག་གྱུར་གང་ལེགས་བྱེད་དགོས། ཐོན་ལས་སླར་གསོ་དང་སྡོད་དམངས་ལས་ཞུགས། དངུལ་གཏོང་འཛད་སྤྱོད། ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས། གཞི་རྩའི་དམངས་འཚོ། དབུལ་ཐར་མཁྲེགས་གཏོར་བཅས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པའི་བཅོས་བསྒྱུར་བྱེད་ཐབས་ལ་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་སྐུལ་འདེད་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ཞན་ཆ་དང་ཉེན་ཁའི་འགྲན་རྩོད་ལ་སྔོན་ནས་འཆར་འགོད་བྱེད་དགོས་པ་དང་། སྤྱི་བའི་འཕྲོད་བསྟེན་དང་སྐྱེ་དངོས། འབྲུ་རིགས། ནུས་ཁུངས། དངུལ་ལོར། དྲ་རྒྱ། གནོད་འགོག་གནོད་སྐྱོབ། སྤྱི་ཚོགས་བཅོས་སྐྱོང་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་བཀོད་སྒྲིག་བྱེད་པ་རྒྱུན་འཁྱོངས་དང་སྔོན་འགོག་སྔོན་གྲབས་དང་འཕྲལ་སྒྲུབ་འབུར་ཐོན་ཟུང་འབྲེལ་བྱས་ནས། གོ་སྐབས་དམ་འཛིན་སྒོས་རང་འགུལ་དུ་བྱ་སྤྱོད་སྤེལ་དགོས། ཚོང་ར་ཅན་གྱི་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་སྲིད་གཞུང་གི་འགན་ནུས་བསྒྱུར་བ། ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པ། རྒྱལ་ནང་གི་དགོས་མཁོ་རྒྱ་བསྐྱེད་པ། ཐོན་ལས་མུ་འབྲེལ་དང་མཁོ་འདོན་མུ་འབྲེལ་གཏན་འཇགས་སུ་གཏོང་བ། མཁར་གྲོང་དངུལ་ལོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ། མི་དང་རང་བྱུང་གི་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་དམ་འཛིན་བྱས་ཏེ། གཅིག་གྱུར་བཀོད་སྒྲིག་དང་སྐུལ་འདེད་གཏོང་དགོས། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཆོས་ཉིད་ལ་ངོས་འཛིན་བྱས་ཤིང་། དུས་བབ་དང་བསྟུན་པའི་འགྱུར་ལྡོག་འཐུས་ཚང་དུ་བཏང་སྟེ། དོན་དངོས་གནད་དོན་ཐག་གཅོད་བྱས་ནས། བཅོས་བསྒྱུར་དེ་སྔར་ལས་དོན་དངོས་དང་འཚམ་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རེ་བ་གསར་བ་དང་འཚམ་ལ། མི་དམངས་མང་ཚོགས་ཀྱི་རེ་འདུན་གསར་བ་དང་འཚམ་པར་བྱེད་དགོས་ཞེས་གསུངས། 

ད་ལོ་ནི་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་དུས་སྐབས་གལ་ཆེན་ཞིག་ཡིན་ཞིང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་བཏོན་པའི་ཁྱབ་ཁོངས་གཙོ་བོ་དང་ལས་རིམ་གཙོ་བོའི་བཅོས་བསྒྱུར་ཐད་ནས་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་དགོས་པར་མ་ཟད། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པའི་བཅོས་སྒྱུར་ཐད་ནས་བྱ་བ་བཟང་བོར་བསྒྲུབ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཡིད་ཆེས་བརྟན་པོ་དང་དཀའ་ཁག་ཁྱད་བསལ། བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་བཅོས་སྒྱུར་ལས་འགན་སྣ་ཚོགས་དངོས་འབེབ་བཟང་བོ་བྱེད་དགོས། 

ཀྲུང་དབྱང་གི་ཕྱོགས་ཡོངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་དུ་ཞུགས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།