ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་ས་གནས་སོ་སོས་དཀའ་ཁག་ཅན་གྱི་མང་ཚོགས་ལ་རིན་གོང་ཐད་ནས་གནས་སྐབས་ཀྱི་ཁ་གསབ་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བདུན་ལྷག་བྱིན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས24ཉིན། གསར་འགོད་པས་དམངས་སྲིད་པུའུ་ཡི་ཉིས་སྟོང་ཉི་ཤུ་ལོའི་དུས་ཚིགས་གཉིས་པའི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།  ད་ལོའི་ཚུན་ལ་ས་གནས་སོ་སོས་མ་མཐའི་འཚོ་བ་འགན་སྲུང་བྱེད་ཡུལ་དང་ཧ་ཅང་དཀའ་ཁག་ཆེ་བའི་མི་སྣ་སོགས་དཀའ་ཁག་ཅན་གྱི་མང་ཚོགས་ལ་རིན་གོང་ཐད་ནས་གནས་སྐབས་ཀྱི་ཁ་གསབ་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བདུན་ལྷག་བྱིན་པས་མི་ཐེངས་བྱེ་བ་བརྒྱད་དང་ས་ཡ་གཅིག་འབུམ་དྲུག་དང་ཁྲི་བརྒྱད་ལྷག་ལ་ཁེ་ཕན་ཐོབ།

ཧུའུ་པེ་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་མི་སྣ་དང་ཧ་ཅང་དཀའ་ཁག་ཆེ་བའི་མི་སྣ་སོགས་དཀའ་ཁག་ཅན་གྱི་མང་ཚོགས་ལ་གྲོང་ཁྱེར་གྱི་མི་སྣར་སྒོར་ལྔ་བརྒྱའི་ཡན་དང་ཞིང་སྡེ་ཡི་མི་སྣར་སྒོར་སུམ་བརྒྱའི་ཡན་གྱི་ཚད་གཞི་ལྟར་འཚོ་བའི་དངོས་རྫས་ཐད་ནས་རྒུད་སྐྱོབ་བྱས། ས་གནས་སོ་སོས་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་དང་ཧ་ཅང་དཀའ་ཁག་ཆེ་བའི་མི་སྣ། ཡོང་སྒོ་དམའ་བའི་ཁྱིམ་ཚང་། ཚགས་འཛུགས་བྱང་སྒྲིག་བྱས་པའི་དབུལ་ཕོངས་ཁྱིམ་ཚང་ཁྲོད་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་མཁན་ལ་དཀའ་ཁག་གི་ཚད་རིམ་ལྟར་ཁྱིམ་ཚང་རེར་སྒོར་སྟོང་གཅིག་ནས་སྒོར་ཁྲི་གཅིག་བར་དུ་རིམ་པ་མི་འདྲ་བའི་སྒོ་ནས་གནས་སྐབས་རྒུད་སྐྱོབ་མ་དངུལ་བྱིན།

དམངས་སྲིད་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། དམངས་སྲིད་པུའུ་ཡིས་དུས་ཚིགས་གཉིས་པའི་ནང་མུ་མཐུད་དུ་རིམས་ནད་ཀྱིས་ཤུགས་རྐྱེན་བཟོས་པའི་དཀའ་ཁག་ཅན་གྱི་མང་ཚོགས་ལ་མོས་སྐྱོར་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་། སྤྱི་ཚོགས་ཀྱི་རྒུད་སྐྱོབ་མོས་སྐྱོར་དབུལ་ཐར་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། སྤྱི་ཚོགས་ཀྱི་རྒུད་སྐྱོབ་ལམ་ལུགས་ཚད་ལྡན་དང་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།