ཀྲུང་གོ་བོད་ཀྱི་དྲ་བ།

ལས་ཁུངས་གསུམ་གྱིས་སྔར་ལས་ལྷག་པར་རིམས་འགོག་དངོས་ཟོག་ཕྱིར་གཏོང་གི་སྤུས་ཚད་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས25ཉིན། ཚོང་དོན་པུའུ་དང་། སྒོ་ཁྲལ་སྤྱི་ཁྱབ་ལས་ཁུངས། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་བཅས་ཀྱིས་མཉམ་འབྲེལ་གྱིས་སྤྱི་བསྒྲགས་སྤེལ་ནས་སྔར་ལས་ལྷག་པར་རིམས་འགོག་དངོས་ཟོག་ཕྱིར་གཏོང་གི་སྤུས་ཚད་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་པ་རེད།

ཚེས25ཉིན་ཚོང་དོན་པུའུ་ཡི་དྲ་ཚིགས་སྟེང་ལས་ཁུངས་གསུམ་གྱིས་སྔར་ལས་ལྷག་པར་རིམས་འགོག་དངོས་ཟོག་ཕྱིར་གཏོང་གི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པ་རེད། སྤྱི་བསྒྲགས་ནང་བསྟན་དོན། སྨན་སྤྱོད་མིན་པའི་ཁ་ཐུམ་ཕྱིར་གཏོང་གི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཟླ4པའི་ཚེས26ཉིན་ནས་བཟུང་ཕྱིར་གཏོང་བྱས་པའི་སྨན་སྤྱོད་མིན་པའི་ཁ་ཐུམ་དེ་ཀྲུང་གོའི་སྤུས་ཚད་ཀྱི་ཚད་གཞིའམ་ཡང་ན་ཕྱི་རྒྱལ་གྱི་སྤུས་ཚད་ཚད་གཞི་དང་མཐུན་དགོས། དེ་དང་ཆབས་ཅིག  སྨན་བཅོས་དངོས་ཟོག་ཕྱིར་གཏོང་གི་སྒྲིག་ལམ་སྔར་ལས་ཚད་ལྡན་དུ་གཏོང་དགོས། ཟླ4པའི་ཚེས26ཉིན་ནས་བཟུང་ཐོན་རྫས་ལ་ཕྱི་རྒྱལ་གྱི་ཚད་ལྡན་བདེན་དཔང་ར་སྤྲོད་ཐོབ་པའམ་ཡང་ན་ཐོ་འགོད་བྱས་པའི་པྲོག་དབྱིབས་ནད་དུག་གསར་པ་ཞིབ་དཔྱད་ཚད་ལེན་ཚོད་ལྟའི་སྨན་རྫས་དང་། སྨན་སྤྱོད་ཁ་ཐུམ། སྨན་སྤྱོད་འགོག་སྲུང་གྱོན་ཆས། དབུགས་འབྱིན་རྔུབ་འཕྲུལ་ཆས། དམར་ཕྱིའི་ལུས་དྲོད་འཇལ་ཆས་བཅས་ཀྱི་ཕྱིར་གཏོང་ཁེ་ལས་བཅས་ཀྱིས་སྒོ་ཁྲལ་བརྒལ་ཞུ་བྱེད་སྐབས་ངེས་པར་དུ་ཡིག་ཐོག་གསལ་བསྒྲགས་འདོན་སྤྲོད་བྱས་ནས་ཐོན་རྫས་ནང་འདྲེན་རྒྱལ་ཁབ(ས་ཁུལ)ཀྱི་སྤུས་ཚད་ཚད་གཞི་དང་བདེ་འཇགས་ཀྱི་བླང་བྱ་དང་མཐུན་པའི་ཁས་ལེན་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།