ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ཁྲི674.1དབུལ་ཐར་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་ལས་ཁང་། དམངས་སྲིད་པུའུ་བཅས་ཀྱིས་ཉེ་ལམ་པེ་ཅིན་དུ་བསྡུས་པའི2020ལོའི་དབང་པོ་སྐྱོན་ཅན་གྱི་དབུལ་ཐར་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་ཤེས་རྟོགས་བྱུང་བ་ལྟར་ན། 2019ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་དབང་པོ་སྐྱོན་ཅན་ཁྲི719.3ཡོད་ལ། དེའི་ནང་དབང་པོ་སྐྱོན་ཅན་ཁྲི674.1དབུལ་ཐར་བྱས་ཏེ་བསྡུར་ཚད93%ལས་བརྒལ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། 2019ལོའི་ལོ་མཇུག་ཏུ་ཅང་སུའུ་སོགས་ཞིང་ཆེན8དུ་ཡིག་ཚགས་བཟོས་པའི་དབང་པོ་སྐྱོན་ཅན་ཡོངས་རྫོགས་དབུལ་པོ་ལས་ཐར་བ་མངོན་འགྱུར་བྱུང་ཞིང་། ཞིང་ཆེན10ཡི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབང་པོ་སྐྱོན་ཅན་གྱི་གྲངས་འབོར་ཁྲི1མན་དུ་ཆག་ཡོད་པ་རེད། དུས་མཚུངས་སུ་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ2015ལོའི་སྒོར2776ནས2019ལོའི་སྒོར8726ལ་འཕར་བ་དང་། ཡོང་འབབ་ཀྱི་གྲུབ་ཚུལ་ཡང་ཇེ་ལེགས་སུ་ཕྱིན་ཡོད།

ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱེ་བྲག་གི་བྱ་བའི་ཇུས་གཞི་གཏན་འཁེལ་བྱས་པ་དང་། དབང་པོ་སྐྱོན་ཅན་མི་གྲངས་ཁྲི3ཡན་ཡོད་པའི་ཞིང་ཆེན6ཏུ་སྔར་བཞིན་སྡེ་སྡོད་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། དུས་མཚུངས་སུ་རིམ་པ་སོ་སོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་སྲིད་དང་དབུལ་སྐྱོར་སོགས་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ། དབང་པོ་སྐྱོན་ཅན་གྱི“ཁ་གསབ་གཉིས”དང་། དམིགས་བསལ་མི་སྣ་སྐྱོབ་རོགས་གསོ་སྐྱོང་དང་གནས་སྐབས་སྐྱོབ་རོགས་སོགས་ཀྱི་འགན་སྲུང་སྲིད་ཇུས་དངོས་འབེབས་དོན་འཁྱོལ་བྱས་ནས་དབུལ་ཕོངས་ལས་ཐར་བར་བྱ་རྒྱུ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་མགོ་ཁྲིད་ཀྱིས་ཚོགས་ཐོག་ཏུ་མཚམས་སྦྱོར་བྱས་པ་ལྟར་ན།ཡིག་ཚགས་དང་བྱང་བུ་བཟོས་པའི་གཞི་གྲངས་ལྟར་ན2015ལོའི་ལོ་མཇུག་ཏུ་དབང་པོ་སྐྱོན་ཅན་ཁྲི47.9དབུལ་ཐར་བྱས་མེད་པས། དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ཧ་ཅང་ལྕི་བ་རེད། རྗེས་མར“སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་ཚད་དང་འབྲེལ་ཏེ་ཁྱོན་ཡོངས་ནས་གནད་དོན་ཅི་ཡོད་ཞིབ་བཤེར་དང་ཐག་གཅོད་བྱེད་རྒྱུ་དང་། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁ་ལེན་པའི་ལོ་འདིའི་བྱ་བ་སྣ་ཚོགས་ལེགས་པར་བསྒྲུབ་རྒྱུ་རེད།

དམངས་སྲིད་པུའུ་ཡི་མགོ་ཁྲིད་ཀྱིས་བཤད་པ་ལྟར་ན། 2019ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་སུ་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱབ་ཁོངས་ནང་ཚུད་པའི་དབང་པོ་སྐྱོན་ཅན་ཁྲི626.3ཡོད་པས། དབང་པོ་སྐྱོན་ཅན་གྱི་འཚོ་བ་དང་ཞབས་ཞུའི་ཆ་རྐྱེན་ཡང་ཇེ་ལེགས་སུ་ཕྱིན་ཡོད། རྗེས་མར་དབང་པོ་སྐྱོན་ཅན་ལ་འགན་སྲུང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་དང་།སྣ་མང་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་པ། ལུས་ཁམས་བདེ་སྲུང་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་སོགས་ཀྱི་ཕྱོགས་ནས་མགོ་བརྩམས་ཏེ་དབང་པོ་སྐྱོན་ཅན་གྱི་དབུལ་ཐར་འགག་སྒྲོལ་ལས་དོན་ཡག་པོར་བསྒྲུབ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།