ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡི་བླང་བྱ་གསར་ཤོས། གནས་ཚུལ་འདི་དག་ཕྱོགས་ཡོངས་ནས་གཏན་འགོག་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སློབ་གསོ་པུའི་གཞུང་དོན་ཐིན་གྱིས《2020ལོར་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་དཔེ་དེབ་ཀྱི་དཀར་ཆག་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ནས2020ལོའི་སློབ་གྲྭ་འབྲིང་ཆུང་དཀྱུས་མ་དང་། དམིགས་བསལ་སློབ་གསོའི་སློབ་གྲྭ དམིགས་བསལ་ལུས་རྩལ་སློབ་གྲྭའི་སློབ་ཁྲིད་དཔེ་དེབ་ཀྱི་དཀར་ཆག་དང་བླང་བྱ་ཡོངས་བསྒྲགས་བྱས་པ་རེད། བརྡ་ཐོའི་ནང་སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་ནང་ཚོང་ལས་ཀྱི་བརྡ་ཁྱབ་བམ་སློབ་ཁྲིད་ཀྱི་རམ་འདེགས་དཔྱད་ཡིག་གི་སྦྲེལ་མཐུད་དྲ་ཚུགས་དང་རྩ་གཉིས་ཨང་རྟགས་སོགས་ཀྱི་ཆ་འཕྲིན་གང་ཡང་བཅུག་མི་ཆོག་ཅེས་བསྟན་ཡོད།

གཅིག འོས་འགན་སློབ་གསོའི་རྒྱལ་ཁབ་སློབ་ཚན་དཔེ་ཁྲིད་སློབ་དེབ།

1. འོས་འགན་སློབ་གསོའི་རྒྱལ་ཁབ་སློབ་ཚན་གྱི་རིག་ཚན་ཁག་ལ《2020ལོའི་འོས་འགན་སློབ་གསོའི་རྒྱལ་ཁབ་སློབ་ཚན་གྱི་དཔེ་དེབ་དཀར་ཆག》ནང་གི་སློབ་དེབ་སྤྱོད་རྒྱུ་དང་། ཀུན་སྤྱོད་དང་ཁྲིམས་སྐྱོང་། སྐད་ཡིག ལོ་རྒྱུས་བཅས་སློབ་ཚན་ཚང་མར་གཅིག་གྱུར་རྩོམ་སྒྲིག་སློབ་དེབ་སྤྱོད་དགོས།

2.སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པ། གསུམ་པ། བཞི་པ་བཅས་ཀྱི་ཚན་རིག་སློབ་ཚན་ལ2017ལོའི་པར་འགྲེམས་བྱས་པའི་སློབ་ཚན་གྱི་ཚད་གཞི་གཞིར་བཟུང་བཟོ་བཅོས་བརྒྱབ་པའི་སློབ་དེབ་སྤྱོད་དགོས། སློབ་ཆུང་ལོ་རིམ་ལྔ་པ་ནས་དྲུག་པའི་ཚན་རིག་སློབ་ཚན་དེ་ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་བཀོད་སྒྲིག་བྱེད་དགོས་ལ་དེ་སྔའི་པར་གཞིའི་སློབ་དེབ་རྒྱུན་སྤྱོད་བྱས་ཆོག་པ་དང་། དཔྱད་དཔོག་གང་ལེགས་བྱས་རྗེས2017ལོར་པར་འགྲེམས་བྱས་པའི་སློབ་ཚན་གྱི་ཚད་གཞི་གཞིར་བཟུང་བཟོ་བཅོས་བརྒྱབ་པའི་སློབ་དེབ་བདམས་ནས་སློབ་ཁྲིད་སྒྲིག་ལམ་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས།

གཉིས་པ། མཐོ་འབྲིང་དཀྱུས་མའི་རྒྱལ་ཁབ་སློབ་ཚན་གྱི་ཁྲིད་དེབ།

《2020ལོའི་མཐོ་འབྲིང་དཀྱུས་མའི་རྒྱལ་ཁབ་སློབ་ཚན་གྱི་ཁྲིད་དེབ་དཀར་ཆག(2017ལོའི་པར་གཞིའི་སློབ་ཚན་གྱི་ཚད་གཞི་ལྟར་བཟོ་བཅོས་བརྒྱབ་པ)》དང《2020ལོའི་མཐོ་འབྲིང་དཀྱུས་མའི་རྒྱལ་ཁབ་སློབ་ཚན་གྱི་ཁྲིད་དེབ་དཀར་ཆག(2003ལོའི་པར་གཞིའི་སློབ་ཚན་གྱི་ཚད་གཞི་ལྟར་བཟོས་པ)》མཉམ་དུ་སྤྱོད་རྒྱུ་ཡིན་པས་ས་གནས་ཁག་གིས་སློབ་ཚན་གསར་པ་དང་སློབ་གཞི་གསར་པའི་ལག་བསྟར་ཇུས་གཞི་གཞིར་བཟུང་གོང་གསལ་དཀར་ཆག་ཁྲོད་ཀྱི་མཐོ་འབྲིང་དཀྱུས་མའི་སློབ་དེབ་འདེམས་སྤྱོད་བྱེད་དགོས། སློབ་དེབ་གསར་པ་སྤྱོད་པར་བསྔགས་སྐུལ་བྱ་རྒྱུ།

    གསུམ། དམིགས་བསལ་སློབ་གྲྭ་དང་ལུས་རྩལ་སློབ་གྲྭའི་ཁྲིད་དེབ།

1.དམིགས་བསལ་སློབ་གྲྭའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་འབྲེལ་ཡོད་རིག་ཚན་གྱིས《2020ལོའི་དམིགས་བསལ་སློབ་གསོའི་སློབ་གྲྭའི་རྒྱལ་ཁབ་སློབ་ཚན་ཀྱི་བསླབ་དེབ་དཀར་ཆག》ནང་གི་སློབ་དེབ་བེད་སྤྱོད་དགོས། 

དམིགས་བསལ་སློབ་གྲྭའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ལོང་བའི་སློབ་གྲྭའི་ཀུན་སྤྱོད་དང་ཁྲིམས་སྐྱོང་ལོ་རིམ་དགུ་པའི་སློབ་དེབ་གོང་འོག་དང་ཆ་འཕྲིན་ལག་རྩལ་གྱི་ལོ་རིམ་གསུམ་པའི་སློབ་དེབ་གོང་འོག འོན་པའི་སློབ་གྲྭའི་ལོ་རིམ་གསུམ་པའི་ཀུན་སྤྱོད་དང་ཁྲིམས་སྐྱོང་། ཆ་འཕྲིན་ལག་རྩལ། མཛེས་རྩལ་སློབ་ཚན་གྱི་སློབ་དེབ་བཅས་དང་། རིག་སྦྱོང་སློབ་གྲྭའི་ལོ་རིམ་བཞི་པའི་འཚོ་བ་དང་སྐད་ཡིག་སློབ་ཚན་གྱི་སློབ་དེབ་ལ་ཞིབ་བཤེར་གཏན་འབེབས་བྱེད་བཞིན་ཡོད། སློབ་དེབ་བེད་སྤྱོད་ལས་དོན་རྗེས་སོར་བརྡ་ཐོ་གཏོང་རྒྱུ་ཡིན། སློབ་དེབ་གསར་དུ་རྩོམ་སྒྲིག་བྱས་མེད་པའི་སློབ་ཚན་ཁག་དང་ལོ་རིམ་གཞན་དག་གིས་སྔར་བཞིན་ཐོག་མའི་པར་གཞིའི་དཔེ་དེབ་སྤྱོད་དགོས།

2.ལུས་རྩལ་སློབ་གྲྭའི་ཀུན་སྤྱོད་དང་ཁྲིམས་སྐྱོང་སློབ་ཚན་དང་སྐད་ཡིག་སློབ་ཚན་གཉིས་རྒྱལ་ཁབ་ཀྱི་གཅིག་གྱུར་རྩོམ་སྒྲིག་སློབ་དེབ་སྤྱོད་པ་དང་། སློབ་ཚན་གཞན་དག《2020ལོའི་ལུས་རྩལ་འགུལ་སྐྱོད་སློབ་གྲྭའི་རྒྱལ་ཁབ་སློབ་ཚན་གྱི་བསླབ་དེབ་དཀར་ཆག》ནང་གི་སློབ་དེབ་སྤྱོད་རྒྱུ།

བཞི། འབྲེལ་ཡོད་བླང་བྱ།

སློབ་གྲྭ་འབྲིང་ཆུང་གི་རྒྱལ་ཁབ་སློབ་ཚན་ལ་ངེས་པར་དུ་ཡིག་ཆ་འདིའི་ཟུར་བཀོད་དཀར་ཆག་ནང་གི་སློབ་དེབ་སྤྱོད་དགོས། (དམིགས་བསལ་སློབ་གྲྭའི་སློབ་དེབ་གསར་དུ་རྩོམ་སྒྲིག་བྱས་མེད་པའི་རིག་ཚན་དང་ལོ་རིམ་ཕུད། ཧྲང་ཧའེ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་རྒྱལ་ཁབ་སློབ་ཚན་གྱི་ཁྲིད་དེབ་སློབ་གསོ་པུའུ་ཡི་ཆོག་མཆན་བཀོད་པའི་ཇུས་གཞི་ལྟར་ལག་བསྟར་བྱ་དགོས། ) སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་བཀོལ་སྤྱོད་ཐད་བལྟོས་བཅས་ཀྱིས་བརྟན་འཇགས་ཅན་རྒྱུན་འཁྱོངས་བྱེད་དགོས། གལ་ཏེ་སློབ་དེབ་ཀྱི་པར་གཞི་ངེས་བར་དུ་བརྗེ་དགོས་ཚེ་སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་འདེམས་སྤྱོད་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་འཛིན་དགོས།

2. སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་ནང་དུ་ཚོང་ལས་ཀྱི་བརྡ་ཁྱབ་བམ་སློབ་ཁྲིད་ཀྱི་རམ་འདེགས་དཔྱད་གཞིའི་སྦྲེལ་མཐུད་དྲ་གནས་དང་རྩ་གཉིས་ཨང་རྟགས་སོགས་ཀྱི་ཆ་འཕྲིན་ཡོད་མི་ཆོག

3. ས་གནས་ཁག་གིས་ས་གནས་དེ་གའི་དོན་དངོས་དང་སློབ་མའི་དགོས་མཁོ་གཞིར་བཟུང་། གྲངས་འཛིན་སྒྲ་བརྙན་རྒྱུ་ཆ་ཆ་ཚང་ཉོ་སྒྲུབ་བྱེད་ཆོག སློབ་དེབ་དཔེ་སྐྲུན་སྡེ་ཚན་གྱིས་དྲ་སྦྲེལ་ཕབ་ལེན་བྱེད་པའི་བྱེད་ཐབས་སྤྱད་དེ་སློབ་དེབ་དང་ཆ་སྒྲིག་གི་གྲངས་འཛིན་སྒྲ་བརྙན་རྒྱུ་ཆ་རིན་མེད་ངང་མཁོ་འདོན་བྱ་རྒྱུར་སྐུལ་མ་གཏོང་དགོས། རྒྱལ་ཁབ་ཀྱིས་སློབ་གྲྭ་འབྲིང་ཆུང་གི་སྐད་ཡིག་སློབ་དེབ་གཅིག་གྱུར་རྩོམ་སྒྲིག་བྱས་ཏེ“སློབ་གྲྭ་འབྲིང་ཆུང་གི་སྐད་ཡིག་དཔེ་སྟོན་གྱེར་ཀློག་མཛོད”བཀོད་སྒྲིག་བྱས་ནས་ས་གནས་ཁག་གིས་དགོས་མཁོ་ལྟར་རང་མོས་ཉོ་སྒྲུབ་བྱ་རྒྱུར་མཁོ་འདོན་བྱས་དགོས། རིན་མི་དགོས་པའི་སློབ་དེབ་ཉོ་སྒྲུབ་དེ་སློབ་དེབ〔2017〕ཡིག་ཨང1ལྟར་ལག་བསྟར་བྱ་རྒྱུ།

4. ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་ཁག་གིས་སློབ་གཞི་བེད་སྤྱོད་བྱས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འབྲེལ་ཡོད་གཏན་འབེབས་གཞིར་མ་བཟུང་བར་སློབ་དེབ་འདེམས་སྤྱོད་དང་བེད་སྤྱོད་བྱེད་པའི་ས་གནས་དང་སློབ་གྲྭར་ཐག་གཅོད་ནན་མོ་བྱས་ནས་ཡོ་བསྲང་བྱེད་རྒྱུའི་བཀའ་རྒྱ་གཏོང་དགོས།

ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་ཁག་གིས་བརྡ་ཐོ་འདིའི་བླང་བྱ་གཞིར་བཟུང་། 2020ལོའི་སློབ་གྲྭ་ཆུང་འབྲིང་གི་བསླབ་དེབ་བཀོལ་སྤྱོད་ཡག་པོ་བྱེད་པ་དང་འབྲེལ་ས་གནས་དེ་གའི་2020ལོའི་སྟོན་དུས་ཀྱི་སློབ་གཞི་འདེམས་སྤྱོད་བྱས་ཚུལ2020ལོའི་ཟླ8ཚེས31ཉིན་སྔོན་ལ་སློབ་གསོ་པུའི་སློབ་གཞི་ཅུས་ལ་དངོས་སུ་སྙན་ཞུ་འབུལ་དགོས། སློབ་གསོ་པུའུ་ཡིས་ཡུལ་དུས་དང་བསྟུན་ནས་ས་གནས་ཁག་གི་བསླབ་དེབ་འདེམས་སྤྱོད་བྱས་ཚུལ་ལ་སྐོར་ཞིབ་བྱ་རྒྱུ།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།