ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། དབུལ་ཕོངས་མི་གྲངས་དང་མ་མཐའི་འཚོ་བའི་འགན་སྲུང་མི་སྣ། ལས་ཤོར་མི་སྣ་བཅས་ཀྱི་རོགས་སྐྱོར་འགན་སྲུང་ཤུགས་ཚད་ཇེ་ཆེར་གཏོང་བར་བཀོད་སྒྲིག་བྱས་ཤིང་། ཀུན་ཕན་དངུལ་ལོར་དཔྱད་ཞིབ་དབང་ཆ་ཇེ་ཆེར་གཏོང་བ་དང་དངུལ་ཁང་ཆུང་འབྲིང་གི་དངུལ་གཏོང་གྲབས་གསོག་གི་ཁེབས་ཚད་ཇེ་དམའ་རུ་བཏང་ནས་ཁེ་ལས་ཆུང་བའི་དངུལ་ལོར་ཞབས་ཞུར་ཤུགས་སྣོན་རྒྱུ་ཐག་བཅད་པ་དང་། ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ཆུང་བ་དང་སྒེར་གྱི་ཚོང་བའི་ཁང་གླའི་གནོན་ཤུགས་ཞི་འཇགས་སུ་གཏོང་བར་རོགས་རམ་བྱེད་པའི་བྱེད་ཐབས་གཏན་འཁེལ་གསལ་བོ་བྱས། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། མིག་སྔའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་སྔ་ན་མེད་པའི་འགྲན་རྩོད་ཐག་གཅོད་བྱེད་དགོས་ན། ངེས་པར་དུ་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ། གཞི་རྩའི་དམངས་ཚིས་འགན་སྲུང་དང་མ་མཐའི་འགན་སྲུང་ཤུགས་ཚད་ཇེ་ཆེར་གཏོང་དགོས། གཅིག་ནས་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་དགོས། རྒྱལ་ཁབ་ཀྱི་ལས་གཞི་གཙོ་བོའི་འཛུགས་སྐྲུན་སྐབས་ཐོག་མར་དབུལ་ཕོངས་ཅན་གྱི་ངལ་རྩོལ་པ་བཀོད་སྒྲིག་བྱེད་པ་དང་། ངལ་རྩོལ་ལ་བརྟེན་ནས་དབུལ་ཐར་བྱེད་པའི་དངུལ་གཏོང་འཛུགས་སྐྲུན་ཁྱབ་ཁོངས་དང་ལག་བསྟར་ཁྱབ་ཁོངས་རྒྱ་བསྐྱེད་པ། ངལ་རྩོལ་པའི་ཕོགས་དངུལ་གྱི་བསྡུར་ཚད་དེ་བརྒྱ་ཆའི་བཅུ་ནས་བརྒྱ་ཆའི་བཅོ་ལྔར་ཇེ་མཐོར་གཏོང་དགོས་ལ། དབུལ་སྐྱོར་འཁོར་ཁང་དང་སྤྱི་ཕན་ལས་གནས་རྒྱ་བསྐྱེད་པ་སོགས་ཀྱིས་ལས་ཞུགས་གོ་སྐབས་བསྐྲུན་དགོས་པར་མ་ཟད། གྲངས་འབོར་ཉུང་བའི་དབུལ་སྐྱོར་དངུལ་བསྐྱིས་ཀྱི་ཕྱིར་སྤྲོད་ཡུན་ཚད་ད་ལོའི་ལོ་མཇུག་བར་ཇེ་རིང་དུ་གཏོང་རྒྱུ་རེད། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་དབུལ་ཕོངས་སུ་གྱུར་བ་དང་དབུལ་ཕོངས་སུ་འགྱུར་བའི་ཉེན་ཁ་ཡོད་པའི་མི་སྣའི་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབ་དགོས། ངལ་རྩོལ་ནུས་པ་ཡོད་པའི་དབུལ་ཕོངས་མཐར་གནས་ཀྱི་མི་སྣ་དག་ལ་གྲངས་འབོར་ཉུང་བའི་དབུལ་སྐྱོར་དངུལ་བསྐྱིས་དང་རྩལ་ནུས་གསོ་སྦྱོང་སོགས་དབུལ་སྐྱོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐུབ་པར་བྱས་ཏེ། དབུལ་ཕོངས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཀྱི་ཕྱིར་འཚོང་རྒྱ་བསྐྱེད་དང་ཞིང་བའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་དགོས། གཉིས་ནས་མ་མཐའི་འཚོ་བའི་འགན་སྲུང་གི་ཆ་རྐྱེན་དང་འཚམ་པའི་མཁར་གྲོང་གི་དབུལ་ཕོངས་ཁྱིམ་ཚང་གི་འཚོ་བར་འགན་སྲུང་བྱེད་པ་དང་། དུས་ལྟར་ལས་ཤོར་ཉེན་ཚབ་ཏུ་ཞུགས་མེད་པ་དང་ཡོང་འབབ་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ལས་དམའ་བའི་ཞིང་བ་ལས་བཟོ་བ་སོགས་ལས་ཤོར་མི་སྣ་དག་མ་མཐའི་འཚོ་བའི་འགན་སྲུང་དང་རོགས་སྐྱོར་གྱི་ཁྱབ་ཁོངས་སུ་འཇོག་དགོས་ལ། རིམས་ནད་ཀྱི་གནོད་པའི་དབང་གིས་གནས་སྐབས་སུ་དཀའ་ཁག་བྱུང་བའི་མི་སྣར་གནས་སྐབས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས། གསུམ་ནས་ད་ལོར་བཏོན་པའི་ལས་ཤོར་མི་སྣའི་རོགས་སྐྱོར་བྱེད་ཐབས་དངོས་འབེབ་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། སྔར་ལས་ལྷག་པའི་སྒོ་ནས་ལས་ཤོར་ཉེན་ཚབ་འགན་སྲུང་གི་ཁྱབ་ཁོངས་དེ་ལས་ཤོར་མི་སྣ་འགན་སྲུང་ནང་ཞུགས་པར་བྱེད་དགོས། དེའི་ནང་ན་ནིང་ཟླ་དང་པོའི་ཚུན་གྱི་འགན་སྲུང་ནང་ཞུགས་ནས་ལོ་གཅིག་འགོར་མེད་པའི་ལས་ཤོར་ཞིང་བའི་བཟོ་ལས་པ་དག་དུས་རིམ་བཞིན་དུ་འགན་སྲུང་ཁྱབ་ཁོངས་སུ་འཇོག་དགོས། 

དངུལ་ལོར་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཁེ་ལས་ཆུང་བར་ཞབས་ཞུ་བྱེད་པར་སྐུལ་འདེད་གཏོང་ཆེད། གྲོས་ཚོགས་ནས་ཀུན་ཕན་དངུལ་ལོར་གྱི་ཡན་ལག་དངུལ་ཁང་གི་ཕྱོགས་བསྡུས་གྲུབ་འབྲས་དཔྱད་ཞིབ་དམིགས་ཚད་ཁྲོད་ཀྱི་དབང་ཆ་བརྒྱ་ཆའི་བཅུའི་ཡན་དུ་འཕར་བར་བྱེད་པ་དང་། ཁེ་ལས་ཆུང་བའི་ཡིད་རྟོན་དངུལ་བུན་གྱི་གཏོང་ཚད་ཇེ་ཆེར་གཏོང་བར་སྐུལ་མ་གཏོང་རྒྱུ་ཐག་བཅད། དེའི་ཞོར་དུ་དངུལ་ཁང་ཆུང་འབྲིང་གི་དངུལ་གཏོང་གྲབས་གསོག་གི་ཁེབས་ཚད་དེ་ལྟ་རྟོག་དོ་དམ་གྱི་རེ་བ་ལྟར་བརྒྱ་ཆའི་གྲངས་གནས་ཉི་ཤུ་ཇེ་དམའ་རུ་གཏོང་བ་དང་། ཡིད་རྟོན་དངུལ་བུན་གྱི་ཐོན་ཁུངས་མང་བོ་འདོན་སྤེལ་བྱས་ཏེ་ཁེ་ལས་ཆུང་བའི་ཞབས་ཞུ་བྱེད་པའི་ནུས་པ་མཐོར་འདེགས་བྱེད་དགོས། 

ཁེ་ལས་ཆུང་བ་དང་སྒེར་གཉེར་ཚོང་བའི་ཁང་གླའི་ཁུར་བོ་ཇེ་ཡང་དུ་གཏོང་ཆེད། གྲོས་ཚོགས་ནས་རྒྱལ་དབང་ཁང་བའི་ཞབས་ཞུའི་ལས་རིགས་ཀྱིས་ཁེ་ལས་ཆུང་བ་དང་སྒེར་གཉེར་ཚོང་བའི་འགན་ལེན་ལ་སྐུལ་འདེད་བཏང་སྟེ། ལོ་སྟོད་ཀྱི་ཟླ་ངོ་གསུམ་གྱི་ཁང་གླ་མེད་པར་གཏོང་རྒྱུ་ཐག་བཅད། རྒྱལ་དབང་ཁེ་ལས་དང་ཁྱད་པར་དུ་ཀྲུང་དབྱང་ཁེ་ལས་དང་། མཐོ་རིམ་སློབ་གྲྭ། ཞིབ་འཇུག་ཁང་སོགས་ཁེ་ལས་ལས་དོན་སྡེ་ཁག་གིས་སྣེ་ཁྲིད་དགོས། གླ་རིན་ཇེ་ཉུང་དུ་གཏོང་བ་དང་མེད་པར་བཏང་ན་ལོ་དེའི་ཁང་ཁྲལ་དང་མཁར་གྲོང་གི་ས་ཞིང་བེད་སྤྱོད་དཔྱ་ཁྲལ་གཏན་འཁེལ་ལྟར་ཇེ་ཉུང་དུ་བཏང་ཆོག་པར་མ་ཟད། རྒྱལ་དབང་དངུལ་ཁང་གིས་གླ་རིན་ཇེ་ཉུང་དུ་བཏང་བའམ་མེད་པར་གཏོང་མཁན་གྱི་དགོས་མཁོར་དམིགས་ཏེ་གཟིགས་སྐྱོང་ལྡན་པའི་དངུལ་བསྐྱིས་སོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པར་སྣེ་ཁྲིད་བྱེད་དགོས། རྒྱལ་དབང་ཁང་བའི་གླ་རིན་ཇེ་ཉུང་དུ་གཏོང་བའམ་མེད་པར་བཏང་ན་གོང་གི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ལོངས་སུ་སྤྱད་ཆོག 

གྲོས་ཚོགས་ནས་ད་རུང་ལས་དོན་གཞན་པར་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།