ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འཛམ་གླིང་ཡོངས་ལ་མཆེད་པ་དང་། རྒྱལ་ཁབ་སོ་སོའི་མདུན་དུ་ལྷགས་པའི་རིམས་ནད་འགོག་རྒོལ་གྱི་ལས་འགན་ཧ་ཅང་ལྕི། ངེད་གཉིས་ཀྱིས་ཟླ་གཅིག་ནང་ཐེངས་གཉིས་ལ་ཁ་པར་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཉམ་ལས་སྤེལ་བའི་ཐད་ནས་བརྗེ་རེས་མཐུན་སྦྱོར་བྱས་ནས། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་ཆུ་ཚད་མཐོན་པོ་ཡང་བསྐྱར་མངོན་པར་བྱས། ཁྱེད་ཀྱིས་དངོས་སུ་རིམས་འགོག་བྱ་བར་བཀོད་སྒྲིག་དང་བཀོད་འདོམས་བྱས་པ་དང་། ཤུགས་ཡོད་པའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་རབ་དང་རིམ་པ་བཏོན། ཁྱེད་ཀྱིས་འགོ་ཁྲིད་བརྟན་པོའི་འོག ཨུ་རུ་སིས་རིམས་ནད་རྒྱ་མཆེད་པར་ཚོད་འཛིན་བྱས་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་བྱེད་ཐུབ་པར་ང་ཚོ་ཡིད་ཆེས་བརྟན་པོ་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སིའི་རི་ཆུ་གཅིག་ཏུ་འདྲེས་ཤིང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུང་གོའི་རིམས་འགོག་གི་ཆེས་དཀའ་ཁག་ཆེ་བའི་སྐབས་སུ་རོགས་སྐྱོར་ཆེན་པོ་བྱས་པ་དེ་ང་ཚོས་ནམ་ཡང་བརྗེད་མི་སྲིད། ཉིན་འདི་དག་ལ། ཀྲུང་གོ་སྲིད་གཞུང་གིས་མངག་པའི་སྨན་བཅོས་ཆེད་མཁས་ཚན་ཆུང་གིས་མོ་སི་ཁོ་རུ་བྱ་བ་བཟང་བོར་སྤེལ་ནས། ཨུ་རུ་སིའི་ཕྱོགས་དང་རིམས་འགོག་ཉམས་མྱོང་བརྗེ་རེས་དང་མཉམ་སྤྱོད་བྱས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སིའི་ལ་རོགས་སྐྱོར་འདོན་སྤྲོད་བྱས་པ་མ་ཟད། ཨུ་རུ་སིས་ཀྲུང་གོ་ནས་རིམས་འགོག་སྨན་བཅོས་དངོས་ཟོག་ཉོ་སྒྲུབ་བྱེད་པར་རོགས་འདེགས་བྱས། ཀྲུང་གོས་མུ་མཐུད་དུ་ཨུ་རུ་སི་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡིན་ལ། ཨུ་རུ་སི་ཕྱོགས་ཀྱིས་ཨུ་རུ་སི་དང་ཀྲུང་གོའི་སྤྱི་དམངས་ཀྱི་ཆེད་དུ་བྱ་བ་མང་པོ་བསྒྲུབས་པར་བཀའ་དྲིན་ཞུས་པ་ཡིན། ཨུ་རུ་སིས་སྔར་བཞིན་དུ་ཀྲུང་གོའི་སྤྱི་དམངས་ཀྱིས་ཨུ་རུ་སི་རུ་རྒྱུན་ལྡན་ངང་བྱ་བ་བསྒྲུབ་པ་དང་འཚོ་བ་རོལ་བར་འགན་སྲུང་འདོན་སྤྲོད་བྱེད་པར་ཡིད་ཆེས་ཡོད་ཟེར། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམས་ནད་ཆབ་སྲིད་ཅན་དང་མཚོན་རྟགས་ཅན་དུ་བསྒྱུར་ན་རྒྱལ་སྤྱིའི་མཉམ་ལས་ལ་མི་ཕན་པ་དང་། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱིས་མཉམ་ལས་བྱས་ཏེ། མཉམ་དུ་འཛམ་གླིང་ཡོངས་ཀྱི་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་འོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོའི་དུས་ཚིགས་དང་པོར། ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་གཉིས་ཉོ་ཚོང་གྲངས་ཚད་དུས་མཉམ་དུ་བསྡུར་ན་བརྒྱ་ཆའི་སུམ་དང་གྲངས་ཆུང་བཞི་ཡིས་འཕར་སྣོན་བྱུང་བ་དང་། དེ་འཛམ་གླིང་དཔལ་འབྱོར་སྤྱི་ཁོག་ནས་མཉམ་རྒུད་དུ་འགྲོ་བའི་རྒྱབ་ལྗོངས་འོག་ལས་སླ་མོ་ཞིག་མིན། ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་རྒྱུན་ལྡན་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་མཉམ་ལས་གསར་བའི་རྣམ་པ་སྣ་མང་སྤྱད་དེ། ཕྱོགས་གཉིས་ཀྱི་མཉམ་ལས་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བར་གྲོས་སྡུར་བྱེད་དགོས། རིམས་ནད་ཀྱི་ཉམས་མྱོང་བརྒྱུད་དེ། ཀྲུང་གོ་དང་ཨུ་རུ་སིའི་འཐབ་ཇུས་མཉམ་ལས་སྔར་ལས་ཇེ་བརྟན་དུ་འགྲོ་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཡུན་རིང་བོར་བརྟན་པོ་ཡོང་བར་ཡིད་ཆེས་ཡོད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་སེམས་བྱས་ཏེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་པ་མ་ཟད། འཛམ་གླིང་སྟེང་གི་རྒྱལ་ཁབ་མང་པོས་རིམས་འགོག་བྱེད་པའི་ཐད་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱས། རིམས་ནད་བྱུང་རྗེས། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ནམ་ཡང་མཐུན་སྒྲིལ་མཉམ་ལས་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་ཆུ་ཚད་མཐོན་པོ་མངོན་པར་བྱས། མི་ཁ་ཤས་ཀྱིས་ནད་དུག་གི་འགོ་ཁུངས་གནད་དོན་སྟེང་ནས་ཀྲུང་གོར་སྙོན་འཛུགས་བྱེད་པའི་བྱེད་ཐབས་དང་ལེན་མི་བྱེད་པ་དང་། ཨུ་རུ་སི་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་རིམས་འགོག་སོགས་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་འབྲེལ་རྒྱལ་ཚོགས་སོགས་སྒྲོམ་གཞིའི་ནང་གི་བརྗེ་རེས་གཞོགས་འདེགས་དམ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མུ་མཐུད་ད་བྱེད་ཐབས་སྣ་མང་བརྒྱུད་དེ་འགྲོ་འོང་དམ་པོ་རྒྱུན་འཁྱོངས་བྱེད་པར་འཐད་པ་ཡིན་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།