ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་འགོ་མཛིན་མཛད་དེ་དབུལ་ཐར་མཁྲེགས་གཏོར་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་པེ་ཅིན་ནས་འགོ་མཛིན་མཛད་དེ་དབུལ་ཐར་མཁྲེགས་གཏོར་གྲོས་མོལ་ཚོགས་འདུ་བསྡུས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། རྫོང་རིམ་པ་ང་ཚོ་ཏང་གི་རྩ་འཛུགས་གྲུབ་ཚུལ་ཁྲོད་སྔ་སྐྱོང་རྗེས་འཛིན་གྱི་གནད་འགག་དུས་སྐབས་སུ་གནས་པ་དང་། རྫོང་ཏང་ཨུའི་ཧྲུའུ་ཅི་ནི་དབུལ་ཐར་མཁྲེགས་གཏོར་གྱི་བཀོད་འདོམས་དཔོན་པོ་དང་པོ་ཡིན། ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ལྕི་ཞིང་དཔྱད་ཞིབ་སྐབས་སུ་གནད་དོན་ཅུང་མང་བའི་རྫོང་སྐོར་ཞིག་གི་རྫོང་ཏང་ཨུའི་ཧྲུའུ་ཅི་དང་ཐད་ཀར་གྲོས་མོལ་བྱེད་རྒྱུའི་ཐག་བཅད་པ་དང་། དེའི་རྫོང་རིམ་པའི་དབུལ་ཐར་མཁྲེགས་གཏོར་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་མཚོན་ལ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་དོན་སྙིང་གལ་ཆེན་ལྡན། གྲོས་མོལ་ནི་ལྟ་སྐུལ་དང་ཤུགས་སྣོན་ཡིན་ལ། ཡིད་རྟོན་དང་བརྩོན་སེམས་ཆེར་སྐྱེད་པ་ཡང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཞུགས་མོལ་ཚོགས་འདུ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དཔྱད་ཞིབ་སྙན་ཞུ་ལ་ཉན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། གནོན་ཤུགས་སྒུལ་ཤུགས་སུ་བསྒྱུར་བ་དང་གཞན་འགུལ་རང་འགུལ་དུ་བསྒྱུར་བ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་གནད་དོན་ལ་མཐོང་ཆེན་བྱེད་པ། སྤོབས་པ་ཆེན་པོས་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བྱ་བ་སྤེལ་བ། སྤུས་ཚད་མཐོན་པོས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ཏེ། ཧུར་ཐག་གིས་ཏང་ཀྲུང་དབྱང་སེམས་བདེ་བ་དང་མི་དམངས་མང་ཚོགས་ཡིད་ཚིམ་པའི་རྒྱུགས་ལན་སྤྲོད་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ནི་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཟུར་སྣོན་རྒྱུགས་གཞི་ཡིན་ལ། དབུལ་ཐར་སྤུས་ཚད་ལ་གནོད་སྐྱེལ་བའི་གཏན་ཁེལ་མིན་པའི་རྒྱུ་རྐྱེན་ཆེས་ཆེན་པོ་ཡང་ཡིན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལྟར། རྒྱུན་ལྡན་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པ་རྒྱུན་འཁྱོངས་བྱེད་པ། དབུལ་ཕོངས་ངལ་རྩོལ་པས་མྱུར་དུ་ལས་ཞུགས་བྱེད་ཐུབ་པར་སྐུལ་འདེད་གཏོང་བ། འཛད་སྤྱོད་དབུལ་སྐྱོར་འགུལ་སྐྱོད་སྤེལ་བ། དབུལ་སྐྱོར་ལས་གཞི་འཛུགས་སྐྲུན་ལ་བཀག་སྡོམ་བྱེད་པའི་འབུར་ཐོན་གནད་དོན་ཐག་གཅོད་པ། ཕྱོགས་བསྡུས་མས་སྐྱོར་འགན་སྲུང་དྲ་རྒྱ་བརྟན་པོ་བཙུགས་ཏེ། རིམས་ནད་ཀྱི་གནོད་པ་ཇེ་དམའ་རུ་གཏོང་དགོས། དབུལ་ཐར་བྱ་བའི་ཆེས་མཐའ་མཇུག་ཏུ། བྱ་བའི་སྤྱོད་ཚུལ་བསྒྱུར་བར་དམ་འཛིན་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་སེལ་བྱེད་པ། བྱང་བུ་བཀལ་ནས་ལྟ་སྐུལ་བྱེད་པའི་ཁྲོད་ལྟ་སྐུལ་ནན་མོ་མི་བྱེད་པ་དང་རོགས་སྐྱོར་ནན་མོ་མི་བྱེད་པ་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ། གནད་དོན་འཚོལ་བ་དང་གནད་དོན་ཐག་གཅོད་པ་གཉིས་ཟུང་འབྲེལ་བྱེད་པ། གོང་རིམ་འོག་རིམ་གཉིས་ཀྱིས་མཉམ་དུ་འབད་འཐབ་བྱས་ཏེ། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧུའུ་ཁྲུན་ཧྭ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཐེངས་འདིའི་གྲོས་མོལ་ཚོགས་འདུ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པ་སྤྱད་དེ་བསྡུས་པ་དང་། ཀྲུང་ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བཅུ་གཅིག་གི་རྫོང་ཏང་ཨུའི་ཧྲུའུ་ཅི་ཉེར་བཞི་ཚོགས་འདུར་ཞུགས་པ་དང་། རྫོང་ཏང་ཨུའི་ཧྲུའུ་ཅི་བཞི་ཡིས་འཐུས་ཚབ་རང་བཞིན་གྱི་གཏམ་བཤད་གནང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།