ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་གནས་སྐབས་སུ་ལུས་རྩལ་བྱེད་སྒོ་ཆེ་གྲས་དང་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་སྤེལ་མི་ཆོག་ཅེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས13ཉིན་གསར་འགོད་པས་སློབ་གསོ་པུའུ་ཡི་གཞུང་ཕྱོགས་དྲ་ཚིགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོ་པུའུ་པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་བའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས《པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་རིང་གནས་སྐབས་སུ་ལུས་རྩལ་བྱེད་སྒོ་ཆེ་གྲས་དང་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་སྤེལ་མི་ཆོག་པའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་པྲོག་གསར་གློ་ཚད་ཀྱི་རིམས་ནད་གསར་པ་ཕོག་པའི་རིང་སློབ་གྲྭའི་ལུས་རྩལ་རྣམ་གྲངས་རྐྱང་པའི་འགྲན་བསྡུར་དང་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་སོགས་ལུས་རྩལ་བྱེད་སྒོ་ཆེ་གྲས་དང་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་རིགས་སྤེལ་མི་ཆོག་པའི་བླང་བྱ་བཏོན་པ་རེད།

《བརྡ་ཐོ》ནང་མིག་སྔར་རྒྱལ་ཁབ་ཕྱི་ནས་ནང་འདྲེན་བྱས་པའི་ནད་དཔེ་དང་ཉེན་ཁ་ཇེ་ཆེ་རུ་འགྲོ་བའི་ཛ་དྲག་གི་དུས་བབ་ལ་དམིགས་ཏེ་ས་གནས་སོ་སོའི་སློབ་གྲྭ་ཁག་གིས་མུ་མཐུད་དུ་དོགས་ཟོན་ཆེན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ལས་ལྷོད་གཡེང་གཏན་ནས་བྱེད་མི་རུང་ཞིང་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དང་བྱ་ཐབས་དོན་འཁྱོལ་གང་ལེགས་བྱེད་དགོས་ཞེས་བསྟན།

《བརྡ་ཐོ》ནང་ནན་གྱིས་བསྟན་དོན། མི་སྣ་འདུ་འཛོམས་དང་འགྲོ་སྐྱོད་བྱེད་པ་ལས་བྱུང་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཆེད་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་རིང་གནས་སྐབས་སུ་སློབ་གྲྭའི་ལུས་རྩལ་རྣམ་གྲངས་རྐྱང་པའི་འགྲན་བསྡུར་དང་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་སོགས་ལུས་རྩལ་བྱེད་སྒོ་ཆེ་གྲས་དང་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་རིགས་སྤེལ་མཚམས་འཇོག་དགོས་ལ། ས་གནས་སོ་སོའི་སློབ་གྲྭ་ཁག་གིས་རྩ་དོན་མཐའ་འཁྱོངས་དང་། འབྲེལ་ཡོད་རྩ་འཛུགས་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འབྲེལ་ཡོད་བྱེད་སྒོའི་སྔོན་ཇུས་སྔ་སྣུར་བྱེད་པ། བྱེད་སྒོའི་འགྲན་བསྡུར་དུས་ཚོད་སོགས་ལེགས་སྒྲིག་གང་ལེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

 《བརྡ་ཐོ》ནང་ས་གནས་སོ་སོའི་སློབ་གྲྭ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལྟར།  ལུས་རྩལ་སློབ་གསོའི་སློབ་ཁྲིད་དང་ལུས་རྩལ་སྦྱོང་བརྡར། སློབ་མའི་ལུས་རྩལ་སྦྱོང་བརྡར་བཅས་ཀྱི་བྱེད་སྒོའི་འཆར་གཞི་དང་སློབ་ཁྲིད་རྩ་འཛུགས་ཀྱི་ལག་བསྟར་ཇུས་གཞི་ལུགས་མཐུན་ངང་བཟོ་དགོས་པ་དང་། དྲ་རྒྱའི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ནས་སློབ་གྲྭའི་ལུས་རྩལ་སློབ་ཁྲིད་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། “སློབ་སྦྱོང་དང་། ལུས་སྦྱོང་། རྒྱུན་འགྲན”བཅས་ཀྱི་དམིགས་ཚད་ལ་དམིགས་ནས“བདེ་ཐང་གི་ཤེས་བྱ་སློབ་ཁྲིད་དང་། ལུས་རྩལ་རྩལ་ནུས་བརྒྱུད་སྤེལ། གཟུགས་པོའི་བྱང་ཚད་མཐོར་འདེགས། ཀུན་སྤྱོད་ཀྱི་འདོད་བློ་སྐྱེད་སྲིང”བཅས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། སློབ་གྲྭའི་ལུས་རྩལ་སློབ་ཁྲིད་དང་། སྦྱོང་བརྡར། འགྲན་བསྡུར་སོགས་ཀྱི་རྣམ་པ་བརྒྱུད་དེ་འདུ་འཛོམས་ཇེ་ཉུང་དུ་བཏང་ནས་སློབ་མར“སྤྲོ་སྣང་ལོངས་སུ་སྤྱོད་པ་དང་། གཟུགས་གཞི་ལེགས་སུ་གཏོང་བ། མི་གཤིས་འཐུས་ཚང་དུ་གཏོང་བ། བློ་སྟོབས་སྦྱོང་བརྡར་བྱེད་པ”བཅས་ཀྱི་ཐད་ལ་རོགས་སྐྱོར་བྱེད་དགོས་ཞེས་བླང་བྱ་བསྟན།། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།