ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོའོ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར70ལོན་པར་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོའོ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་ཏེ། ཕྱི་འབྲེལ་བཙུགས་ནས་ལོ་འཁོར70རིང་། ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་གཞོགས་འདེགས་དམ་ཟབ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ས་ཁུལ་དང་གོ་ལ་ཧྲིལ་པོའི་དར་རྒྱས་བརྟན་ལྷིང་ཡོང་ཆེད་བྱས་རྗེས་གལ་ཆེན་ཕུལ་འདོད་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ཕྱོགས་གཉིས་དང་། ས་ཁུལ། ཕྱོགས་མང་བཅས་ཀྱི་ཐད་ནས་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད་པ་དང་། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། ཀྲུང་གོས་མུ་མཐུད་དུ་ཧིན་རྡུ་ཉི་ཞི་ཡ་དང་ཕྱར་བ་གྲུ་འདེགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་བར་ཡིད་ཆེས་ཡོད། ངས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ཙུའོ་ཁོའོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་དོན་སྙིང་གསར་པ་བསྣན་ཏེ། ས་ཁུལ་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་འདོད་ཡོད་ཅེས་བསྟན།

ཙུའོ་ཁོའོ་ཡིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོར་ལོ་རྒྱུས་དང་རིག་གནས་ཀྱི་འབྲེལ་ཐག་རིང་པོ་ཡོད་དེ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་སོ་སོའི་བར་འགྲོ་འོང་དམ་ཟབ་ཡོད་པས་མཛའ་མཐུན་བརྟན་པོ་བྱུང་བ་རེད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་ངོ70བརྒྱུད་དེ། རིམ་གྱིས་ཇེ་བརྟན་དུ་འགྲོ་བཞིན་པ་དེ་ནི་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོར་ཐོབ་པའི་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཞིག་རེད། རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་སོ་སོ་ནས་མཉམ་ལས་ཀྱི་གོ་སྐབས་རྒྱུན་ཆད་མེད་པར་གསར་སྐྲུན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་སྒྲོམ་གཞིའི་འོག  ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ཚེ། རྒྱལ་ཁབ་གཉིས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་དར་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ནས་ས་ཁུལ་དང་འཛམ་གླིང་ཞི་བདེ། བརྟན་ལྷིང་། དར་རྒྱས་བཅས་ཡོང་ཆེད་བྱས་རྗེས་འཇོག་ཐུབ་ངེས་རེད་ཅེས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།