ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་སྲིད་གཞུང་གི་ཨུ་རུ་སུར་བསྐྱོད་པའི་རིམས་འགོག་སྨན་བཅོས་ཆེད་མཁས་པའི་ཚོགས་པ་མོ་ཟི་ཁོ་གྲོང་ཁྱེར་ལ་འབྱོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : བན་དེ་སྐྱབས།   སྤེལ་དུས། : 2020-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོ། ཀྲུང་གོ་སྲིད་གཞུང་གི་ཨུ་རུ་སུར་བསྐྱོད་པའི་རིམས་ནད་འགོག་པའི་སྨན་བཅོས་ཆེད་མཁས་པའི་ཚོགས་པ་མོ་སི་ཁོ་རུ་འབྱོར་ནས། ཆེད་མཁས་པ་དེ་དག་གིས་ཨུ་རུ་སུ་ཕྱོགས་ལ་ཞལ་འདེབས་བརྒྱབ་པའི་རིམས་འགོག་དངོས་ཟོག་ཁག་གཅིག་སྐབས་བསྟུན་ངང་འཁྱེར་ཡོད།

ཀྲུང་གོའི་ཆེད་མཁས་པ་ཚོགས་པའི་ཚན་གཙོ། ཧེ་ལུང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧའོ་ཧུའེ་ལུང་གིས་བཤད་རྒྱུར། རིམས་ནད་ཀྲུང་གོར་གང་སར་མཆེད་པའི་སྐབས་སུ། ཨུ་རུ་སུའི་མི་དམངས་ཀྱིས་སྔོན་མ་བྱས་ཏེ་ང་ཚོར་མཛའ་མཐུན་གྱི་ལག་པ་བསྲིངས་པ་ང་ཚོས་བརྗེད་མི་སྲིད་ཟེར། ཀྲུང་ཨུའི་དབར་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། དུས་རབས་གསར་པའི་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་རྨང་གཞི་བརྟན་པོ་ཡོད། མིག་སྔར་ཨུ་རུ་སུར་རིམས་ནད་འགོག་པའི་ཐད་དཀའ་ངལ་ལ་འཕྲད་ཡོད། ཀྲུང་གོས་དེའི་ཐད་གཞན་དོན་ཁུར་འཁྱེར་བྱེད་ཀྱིན་ཡོད། ཆེད་མཁས་པའི་ཚོགས་པས་ཨུ་རུ་སུའི་ལས་རིགས་གཅིག་པའི་བར་ཀྲུང་གོའི་རིམས་ནད་འགོག་བཅོས་ཐད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱ་རྒྱུ་རེད།

ཀྲུང་གོའི་ཆེད་མཁས་པའི་ཚོགས་པ་ཨུ་རུ་སུར་འབྱོར་བའི་འབྲེལ་ཡོད་གནས་ཚུལ་དེ། ཉིན་དེའི་ཨུ་རུ་སུའི་སྤྱི་ཚོགས་འབྲེལ་བའི་གསར་ལམ་ཆེ་ཤོས་VKཐོག་ནས་འུར་ཆེན་པོ་བྱུང་བ་རེད། ཨུ་རུ་སུའི་དྲ་གྲོགས་མང་པོ་ཞིག་གིས་གཅིག་རྗེས་གཉིས་མཐུད་ངང་བསྔགས་བརྗོད་བྱས་པ་དང་འབྲེལ་ཀྲུང་གོའི་རོགས་འདེགས་ལ་ཐུགས་རྗེ་ཆེ་ཞུས་པའི་བསམ་པ་བསྟན།

ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་ཆེད་མཁས་པའི་ཚོགས་པར་ཁོངས་མི་བཅུ་ཡོད་པ་དང་། དེ་དག་ནི་སོ་སོར་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་། ཧེ་ལུང་ཅང་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས། ཧེ་ལུང་ཅང་ཞིང་ཆེན་འགོས་ནད་འགོག་བཅོས་ཁང་། ཧའར་པིན་གསོ་རིག་སློབ་ཆེན་ཁོངས་གཏོགས་སྨན་ཁང་དང་པོ། ཧའར་པིན་གསོ་རིག་སློབ་ཆེན་ཁོངས་གཏོགས་སྨན་ཁང་གཉིས་པ། ཧེ་ལུང་ཅང་ཞིང་ཆེན་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་བཅས་ནས་ཡིན་པ་དང་། ཆེད་ལས་གཙོ་བོ་ནི་ཚོད་ལྟ་ཁང་ལ་ཞིབ་དཔྱད་ཚད་ལེན་དང་། འགོས་ནད་སྔོན་འགོག་ཚོད་འཛིན། དབུགས་འབྱིན་རྔུབ། ནད་གཞི་ཚབས་ཆེན། ཀྲུང་ལུགས་གསོ་རིག་སོགས་རེད།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།