ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕྲིན་ལན་བསྐུར་ཏེ་ཝུའུ་ཧན་ཏུང་ཧུའུ་ཁུལ་གསར་སྡོད་ཁུལ་གྱི་སྡོད་ཁུལ་ལས་དོན་པ་ཡོངས་ལ་རིམས་ནད་འགོག་སྡོམ་གྱི་བྱ་བ་སྣ་ཚོགས་ཞིབ་འཛིན་ནན་འཛིན་བྱས་ནས་མང་ཚོགས་ལ་བརྩེ་བ་ཟབ་མོས་ཞབས་འདེགས་ཞུ་དགོས་པའི་སྐུལ་མ་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཞི་བའི་ཚེས་བརྒྱད་ཉིན་ཝུའུ་ཧན་ཏུང་ཧུའུ་མཁར་གསར་སྡོད་ཁུལ་གྱི་སྡོད་ཁུལ་ལས་དོན་པ་ཡོངས་ལ་འཕྲིན་ལན་བསྐུར་ནས། མཁར་གྲོང་གི་རྒྱ་ཆེའི་སྡོད་ཁུལ་ལས་དོན་པས་རིམས་ནད་འགོག་སྡོམ་གྱི་འཐབ་རྩོད་ཁྲོད་དུ་བཏོན་པའི་ནུས་པ་གལ་ཆེན་ལ་ཡང་བསྐྱར་ཁས་ལེན་མཛད་པ་དང་། ཁོ་ཚོར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པར་མ་ཟད། ཁོ་ཚོས་རིམས་ནད་འགོག་སྡོམ་གྱི་མི་དམངས་ཀྱི་དམག་འཐབ་དང་སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལས་རྣམ་པར་རྒྱལ་བར་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་དགོས་པའི་སྐུལ་མ་གནང་།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་རྒྱུར། ང་ཝུའུ་ཧན་ནས་ཕྱིར་ལོག་རྗེས། རྒྱུན་དུ་ཝུའུ་ཧན་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་སེམས་ནང་ལ་འཁོར་བཞིན་འདུག ཁྱོད་ཚོ་སྡོད་ཁུལ་དང་བཅས་པའི་ཝུའུ་ཧན་གྱི་སྡོད་ཁུལ་སོ་སོའི་འཚོ་བ་རིམ་བཞིན་རྒྱུན་ལྡན་དུ་སླར་གསོ་འབྱུང་བཞིན་པ་དེར་ང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། སྔ་ན་མེད་པའི་རིམས་ནད་འགོག་སྡོམ་གྱི་འཐབ་རྩོད་ཁྲོད་དུ། མཁར་གྲོང་གི་རྒྱ་ཆེའི་སྡོད་ཁུལ་ལས་དོན་པས་སྡོད་ཁུལ་གྱི་འགོག་སྡོམ་ཁྲོད་ཞུགས་པའི་ཕྱོགས་སོ་སོའི་མི་སྣ་དང་མཉམ་དུ། ཉེན་ཁར་མ་འཛེམས་པར་མཐུན་སྒྲིལ་འབད་འཐབ་བྱས་ལ། ལྷག་པར་དུ་སྡོད་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མིག་དཔེ་བསྟན་པ་དང་སྔོན་ལ་མཆོང་ནས། མཉམ་འགོག་མཉམ་སྡོམ་དང་མང་འགོག་མང་སྡོམ་གྱི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་པ་དེས། རིམས་ནད་འགོག་སྡོམ་གྱི་མི་དམངས་ཀྱི་དམག་འཐབ་ལས་རྣམ་པར་རྒྱལ་བའི་ཟིལ་ཤུགས་མངོན་པར་མཚོན་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལྟ། ཝུའུ་ཧན་དུ་ཝུའུ་ཧན་དང་ཧུའུ་པེར་འབྲལ་བའི་བགྲོད་ལམ་གྱི་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱེད་མཚམས་བཞག་མོད། ཡིན་ནའང་འགོག་སྡོམ་གྱི་ལས་འགན་ད་དུང་ལྷོད་གཡེང་དུ་གཏོང་མི་རུང་། སྡོད་ཁུལ་ནི་སྔར་བཞིན་ཕྱི་ནང་ནང་མཆེད་འགོག་པ་དང་ནང་ནས་བསྐྱར་འཕར་འགོག་པའི་འགོག་ར་གལ་ཆེན་ཡིན་ལ། གནད་འགག་ནི་གནས་བབ་གསར་བའི་འོག་གི་འགོག་སྡོམ་རྒྱུན་རྣམ་ཅན་གྱི་བྱ་བ་ལེགས་པོར་འཛིན་རྒྱུ་དེ་ཡིན་པས། ཁྱོད་ཚོས་མུ་མཐུད་འཐབ་འཛིང་བྱེད་པའི་ཀུན་སྤྱོད་དར་སྤེལ་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་བྱ་བ་སྣ་ཚོགས་ཞིབ་འཛིན་ནན་འཛིན་བྱེད་པ་དང་། མང་ཚོགས་ལ་བརྩེ་བ་ཟབ་མོས་ཞབས་འདེགས་ཞུས་ནས། རིམས་ནད་འགོག་སྡོམ་གྱི་མི་དམངས་ཀྱི་དམག་འཐབ་དང་སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལས་རྣམ་པར་རྒྱལ་བར་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

སྡོད་ཁུལ་ནི་རིམས་ནད་འགོག་སྡོམ་གྱི་གཡུལ་ས་ཆེས་མདུན་མ་ཡིན། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས། རྒྱལ་ཡོངས་ཀྱི་སྡོད་ཁུལ་སོ་སོའི་ལས་དོན་པ་ས་ཡ་བཞི་ལྷག་གིས་ལས་གནང་བརྟན་སྲུང་བྱས་ཏེ། མཁར་གྲོང་གི་སྡོད་ཁུལ་འབུམ་དྲུག་དང་ཁྲི་ལྔ་རུ་རིམས་ནད་ལྟ་ཞིབ་ཚད་ལེན་དང་། འགྲོ་འོང་དོ་དམ། དྲིལ་སྒྲོག་སློབ་གསོ། ཁོར་ཡུག་ལེགས་བཅོས། དཀའ་ཁག་སེལ་རོགས་སོགས་ཀྱི་བྱ་བ་བསྒྲུབས་ཏེ། རིམས་ནད་མཆེད་པར་བཀག་འགོག་དང་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱེད་པར་བྱས་རྗེས་གལ་ཆེན་བཞག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྡོད་ཁུལ་གྱི་འགོག་སྡོམ་བྱ་བར་ཧ་ཅང་མཐོང་ཆེན་གནང་བ་དང་། ཐེངས་མང་པོར་མཛུབ་སྟོན་གནང་ནས། སྡོད་ཁུལ་གྱི་ལས་དོན་པར་ཁས་ལེན་གནང་བར་མ་ཟད། སྔ་གཞུག་ཏུ་པེ་ཅིན་གྲོང་ཁྱེར་གྱི་ཨན་ཧྭ་ལིས་སྡོད་ཁུལ་དང་། ཝུའུ་ཧན་གྲོང་ཁྱེར་གྱི་ཏུང་ཧུའུ་མཁར་གསར་སྡོད་ཁུལ་ལ་རྟོག་ཞིབ་འཚམས་འདྲིར་ཕེབས། ཉེ་སྔོན། ཝུའུ་ཧན་གྲོང་ཁྱེར་གྱི་ཏུང་ཧུའུ་མཁར་གསར་སྡོད་ཁུལ་གྱི་སྡོད་ཁུལ་ལས་དོན་པ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་བཀའ་དྲིན་ཞུས་པ་དང་། མུ་མཐུད་དུ་ལས་གནས་བརྟན་སྲུང་དང་ལས་འགན་ལེགས་སྒྲུབ་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།