ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས8ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་ཏེ། པྲོག་གསར་གློ་ཚད་རིམས་ནད་སྔོན་ཚོད་འཛིན་ལས་དོན་དང་རྒྱལ་ཡོངས་ཀྱི་ལས་ཐོན་བསྐྱར་གསོའི་གནས་ཚུལ་གྱི་བརྟག་ཞིབ་སྙན་ཞུ་ལ་གསན་པ་དང་། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་དང་ལས་ཐོན་བསྐྱར་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གསུང་བཤད་གལ་ཆེན་གནང་བ་རེད།

  ཞི་ཅིན་ཕིང་གིས་བཤད་རྒྱུར། མིག་སྔར་རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཇེ་བརྟན་དུ་ཕྱིན་པ་དང་། ལས་ཐོན་བསྐྱར་གསོ་ལ་གྲུབ་འབྲས་ཆེན་པོ་ཐོབ་སྟེ། དཔལ་འབྱོར་སྤྱི་ཚོགས་འཁོར་སྐྱོད་ཀྱི་སྒྲིག་ལམ་མགྱོགས་མྱུར་ངང་སླར་གསོ་བྱུང་ཡོད། དུས་མཚུངས་སུ། རྒྱལ་སྤྱིའི་རིམས་ནད་མུ་མཐུད་དུ་མཆེད་པ་དང་། འཛམ་གླིང་གི་དཔལ་འབྱོར་མར་ཆག་པའི་ཉེན་ཁ་ཇེ་དྲག་ཏུ་སོང་ཞིང་། བརྟན་ལྷིང་མིན་པ་དང་ངེས་གཏན་མིན་པའི་རྒྱུ་རྐྱེན་མངོན་གསལ་གྱིས་ཇེ་མང་དུ་གྱུར་ཏེ། རང་རྒྱལ་གྱི་རིམས་ནད་སྔོན་འགོག་གི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་། ལས་ཐོན་བསྐྱར་གསོ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་དཀའ་ངལ་དང་འགྲན་སློང་གསར་པ་འཕྲད་ཡོད། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་རིམས་ནད་དང་འཛམ་གླིང་གི་དཔལ་འབྱོར་གནས་བབ་ཀྱི་མདུན་དུ་ང་ཚོས་མ་མཐའི་ཚད་ཐིག་གི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། དུས་ཡུན་རིང་པོར་ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་ལེགས་པོ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཕྱི་འགོག་ནང་མཆེད་དང་ནང་འགོག་བསྐྱར་ལོག་གི་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྷོད་གཡེང་གཏན་ནས་གཏོང་མི་རུང་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་མགྱོགས་མྱུར་གྱིས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་ཐོན་བསྐྱར་གསོ་ཐད་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རྒྱུར་དམ་འཛིན་བྱས་ཏེ། རིམས་ནད་ལས་བྱུང་བའི་གྱོང་གུན་ཚད་གཞི་ཇེ་དམའ་རུ་གཏོང་ཐུབ་པར་བརྩོན་ལེན་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་སྤྱི་དང་རྒྱལ་ནང་གི་རིམས་ནད་གནས་ཚུལ་འགྱུར་ལྡོག་ལ་དོ་ཁུར་དམ་ཟབ་བྱེད་པ་དང་། ཕྱི་འགོག་ནང་མཆེད་དང་ནང་འགོག་བསྐྱར་ལོག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དུས་ཐོག་ཏུ་སྤྱད་དེ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སོ་སོར་དམ་འཛིན་ཞིབ་ཚགས་བྱེད་དགོས། གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་མུ་མཐུད་དུ་སྟོབས་ཤུགས་གཅིག་སྒྲིལ་གྱིས་ནད་གཞི་ལྕི་མོ་རིགས་ཀྱི་ནད་དཔེ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱོབ་བཅོས་ཡག་པོ་བྱས་ཏེ། དུས་ཐོག་ཏུ་སྨན་ཁང་ནས་ཕྱིར་ཐོན་པའི་ནད་པར་འཚམས་འདྲི་དང་བསྐྱར་ཞིབ་ལས་དོན་ཡག་པོ་སྒྲུབ་དགོས། སྡེ་ཁུལ་གྱི་དོ་དམ་ཚོད་འཛིན་བྱེད་ཐབས་ཇེ་ལེགས་སུ་བཏང་ནས་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་དགོས། ས་གནས་སོ་སོ་དང་ལྷག་པར་དུ་ཧུའུ་པེའི་མཐའ་འཁོར་ཞིང་ཆེན་གྱིས་ཆ་འཕྲིན་སྤེལ་རེས་མཉམ་སྤྱོད་དང་སྔོན་འགོག་ཚོད་འཛིན་བྱེད་ཐབས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། མི་སྣ་དོ་དམ་ཚོད་འཛིན་དང་བདེ་ཐང་ཨང་རྟགས་ཕན་ཚུན་ཁས་ལེན་བྱེད་པ་སོགས་ཀྱི་སྲིད་ཇུས་གཅིག་གྱུར་དང་ཚད་གཞི་གཅིག་གྱུར་ཡོང་དགོས། རྒྱལ་སའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱེད་དགོས་ལ། ས་གནས་སོ་སོས་ནད་རྟགས་མེད་པའི་ནད་པ་ལ་གནད་འཁེལ་སྔོན་འགོག་ཚོད་འཛིན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲ་བ་དེ་བས་ཚགས་དམ་པ་དང་དེ་བས་བརྟན་པོར་བཏང་ནས་རིམས་ནད་བསྐྱར་དུ་ཐོན་སྲིད་པའི་ཞན་ཆ་ཚང་མ་བཀག་འགོག་བྱེད་དགོས་ཞེས་གསུངས།

  ཚོགས་འདུའི་ཐོག་སྐམ་མཚོའི་འགག་སྒོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་མགྱོགས་མྱུར་གྱིས་ཕྱི་འགོག་ནང་མཆེད་ཀྱི་ཤུགས་ཞན་སར་ཁ་གསབ་བྱས་ཏེ། མཐའ་མཚམས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་མི་སྣ་དང་དངོས་ཟོག་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་དང་། རིམས་འགོག་དངོས་རྫས། སྨན་བཅོས་སྟོབས་ཤུགས། ཟུར་འཇོག་ཆ་རྐྱེན་སོགས་ཀྱི་ཐད་འཕྲད་པའི་དཀའ་ངལ་མཐུན་སྦྱོར་ཐག་གཅོད་ཡག་པོ་བྱེད་དགོས། རྒྱལ་ཁོངས་སུ་ཡོང་བའི་མི་སྣ་ཚང་མར་ཉིན14རིང་གཅིག་སྡུད་ཀྱིས་ལོགས་སུ་བཀར་བའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཧུར་ཐག་གིས་རྒྱལ་སྤྱིའི་རིམས་ནད་སྔོན་འགོག་མཉམ་ལས་ལ་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།

  ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ་ཆེ་རུ་ཕྱིན་ཡོད། ཏང་ཨུ་དང་སྲིད་གཞུང་གི་རིམ་པ་སོ་སོས་མཁོ་གནད་ཆེ་བའི་འདུ་ཤེས་ཆེ་རུ་བཏང་ནས། ཡུལ་བབ་དང་བསྟུན་པ། དུས་བབ་དང་བསྟུན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་སྟེ། ཐབས་བརྒྱ་ཇུས་སྟོང་གིས་ལས་ཐོན་བསྐྱར་གསོ་ལ་ཕན་པའི་ཆ་རྐྱེན་གསར་སྐྲུན་བྱས་ཏེ། གོ་སྐབས་མི་ཤོར་བར་ཐོན་ལས་འཁོར་རྒྱུག་དང་། ཚོང་ར་འཁོར་སྐྱོད། དཔལ་འབྱོར་སྤྱི་ཚོགས་འཁོར་རྒྱུག་བཅས་ཡོང་བར་བྱེད་དགོས། ལས་ཐོན་བསྐྱར་གསོ་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཀའ་ངལ་ཡོད་པའི་ལས་རིགས་དང་ཁེ་ལས་ཆུང་འབྲིང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བར་ཤུགས་རྒྱག་པ། གོ་རིམ་ལྡན་པའི་སྒོ་ནས་ཚོང་ར་སོ་སོ་དང་ཚོང་ལས་བསྐྱར་གསོ་བྱེད་པར་སྐུལ་འདེད་གཏོང་བ། འཚོ་བའི་ཞབས་ཞུའི་ལས་རིགས་རྒྱུན་ལྡན་ངང་གཉེར་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། སྡོད་དམངས་ཀྱི་འཛད་སྤྱོད་རྒྱ་སྐྱེད་ཧུར་ཐག་གཏོང་བ། མ་དངུལ་འཇོག་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཁོ་སྤྲོད་མཉམ་འགུལ་བཟང་པོ་ཆགས་པར་བྱེད་དགོས་ཞེས་བསྟན།

   ཚོགས་འདུའི་ཐོག་དམངས་འཚོ་འགན་ལེན་དང་དམངས་འཚོ་ཇེ་ལེགས་སུ་གཏོང་བའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། རང་རྒྱལ་གྱི་ཞིང་ལས་ལ་བསྟུད་མར་ལོ་ལེགས་བྱུང་བ་དང་། འབྲུ་རིགས་གསོག་ཉར་གང་ལེགས་བྱས་ཡོད་པས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་པར་འགན་ལེན་བྱེད་པའི་ནུས་པ་ཡོད་དེ། དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱེད་པ་དང་། འབྲུ་རིགས་ཁྲོམ་རའི་རིན་གོང་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཕག་ཤ་དང་། སིལ་ཏོག སྔོ་ཚལ་སོགས་ཀྱི་ཞོར་ཟས་ཐོན་སྐྱེད་འཁོར་རྒྱུག་རྩ་འཛུགས་ཡག་པོ་བྱེད་པ་བཅས་བྱས་ནས་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་གཞི་རྩའི་འཚོ་བའི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དང་འཆི་གོད་གྱོང་གསབ་སོགས་ཀྱི་འགན་ལེན་ཚད་གཞི་འོས་འཚམ་གྱིས་མཐོ་རུ་གཏོང་བ་དང་། རིམས་ནད་དང་ནད་ཕོག་ནས་དཀའ་ངལ་ཡོད་པའི་མི་སྣ་རོགས་སྐྱོབ་ཁྱབ་ཁོངས་སུ་འཇུག་དགོས་ཤིང་། རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པའི་ས་ཁུལ་ལ་གནས་སྐབས་འཚོ་བའི་ཁ་གསབ་སྤྲད་དེ། འབྲེལ་ཡོད་རིན་གོང་ཁ་གསབ་མཉམ་འགུལ་ལམ་སྲོལ་དུས་ཐོག་ཏུ་སྤེལ་འགོ་རྩོམ་དགོས། ལས་ཤོར་འགན་བཅོལ་ཁྱབ་རྒྱ་ཆེ་རུ་བཏང་ནས་ལས་ཤོར་མི་སྣའི་གཞི་རྩའི་འཚོ་བར་འགན་སྲུང་སྔར་ལས་ལེགས་པོ་བྱེད་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། བདེ་འཇགས་ཉེན་ཁ་སྔོན་འགོག་གི་ལས་དོན་ཁག་དམ་འཛིན་ནན་པོ་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་བཏང་སྟེ། ཕྱོགས་ཡོངས་ནས་བདེ་འཇགས་ཐོན་སྐྱེད་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན། འབྲུབ་འགོག་ཐན་འགོག་སོགས་ཀྱི་གནོད་འཚེ་སྔོན་འགོག་གི་ལས་དོན་ཡག་པོ་སྒྲུབ་དགོས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་གཏིང་ཟབ་བྱེད་པ་དང་། རིགས་སོ་སོའི་འཕྲལ་བསྟུན་སྔོན་ཇུས་སྣ་ཚོགས་འཐུས་ཚང་དུ་གཏོང་བ་དང་། འཕྲལ་བསྟུན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།