ཀྲུང་གོ་བོད་ཀྱི་དྲ་བ།

སུན་ཁྲུན་ལན་གྱིས་ཁྲིད་པའི་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཝུའུ་ཧན་གྱི་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་དབྱང་གི་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱེད་ཆེད། ཟླ་བཞི་བའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་སུན་ཁྲུན་ལན་གྱིས་ཡང་བསྐྱར་གྲོས་ཚོགས་བསྡུས་ཏེ། ཚེས་བརྒྱད་ཉིན་ཝུའུ་ཧན་གྱི་རྒྱུ་ལམ་དོ་དམ་ཚོད་འཛིན་བྱེད་ཐབས་མེད་པར་བཏང་རྗེས་བྱ་བ་སྣ་ཚོགས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། རིམས་ནད་འགོག་སྡོམ་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་བར་མ་ཟད་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཁྲིད་དེ་རླངས་འཁོར་དང་མེ་འཁོར་ས་ཚིགས་དང་ཚོང་ར། མགྲོན་ཁང་སོགས་ལ་སོང་ནས་རིམས་ནད་འགོག་སྡོམ་གནས་ཚུལ་ལ་རྟོག་ཞིབ་བྱས།

སུན་ཁྲུན་ལན་གྱིས་བསྟན་དོན། ཚད་མཐའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཁོངས་གཏོགས་ས་ཁུལ་དང་ལས་རིགས་སྡེ་ཁག ལས་ཁུངས། ཁྱིམ་ཚང་མི་སྒེར་བཅས་ཕྱོགས་བཞིའི་འགན་འཁྲིའི་ནུས་པ་ཇེ་ཆེར་གཏོང་བ་དང་། ཞིབ་ཕྲ་སྒོས་རིམས་འགོག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། རྒྱ་ཆེའི་མང་ཚོགས་ལ་འབྲེལ་ཡོད་སྲིད་ཇུས་དྲིལ་སྒྲོག་བྱས་ཏེ་མུ་མཐུད་དུ་འགོག་སྲུང་བསམ་བློ་ལྷོད་གཡེང་དུ་མི་གཏོང་བ་དང་འགོག་སྲུང་ཚད་གཞི་ཇེ་དམའ་རུ་མི་འགྲོ་བ་སྲུང་འཛིན་བྱེད་དགོས་ཟེར།

ཝུའུ་ཧན་མེ་འཁོར་ས་ཚིགས་དང་ཧྥུའུ་ཅ་པོ་རླངས་འཁོར་ས་ཚིགས་སུ་སུན་ཁྲུན་ལན་གྱིས་འགྲུལ་བར་བདེ་འཇགས་ཞིབ་བཤེར་བྱེད་པ་སོགས་ཀྱི་བརྒྱུད་་རིམ་ལ་རྒྱུས་ལོན་བྱས་པར་མ་ཟད་དུག་སེལ་དང་འཕྲལ་སྒྲུབ་ཐག་གཅོད་སོགས་ཀྱི་བྱ་བའི་བཀོད་སྒྲིག་གནས་ཚུལ་ཞིབ་འདྲི་བྱས། སུན་ཁྲུན་ལན་ད་དུང་དཀྱིལ་ཚོང་ཐང་ཆེན་གྱི་ཉོ་ཚོང་ལྟེ་གནས་དང་དཀྱིལ་ཚོང་རང་འདེམ་ཚོང་ར་སོགས་སུ་སོང་ནས་རིམས་ནད་འགོག་བཅོས་བྱེད་ཐབས་དངོས་འབེབས་དང་ཚོང་རྫས་མཁོ་འདོན་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། རིམས་ནད་འགོག་སྡོམ་བྱ་བ་གཏན་ནས་ལྷོད་གཡེང་དུ་གཏོང་མི་རུང་བའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།