ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཀྲུང་དབྱང་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། ཉེན་ཁའི་ས་ཁུལ་ལ་དམིགས་ཏེ་མུ་མཐུད་དུ་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་དགོས་པ་ལས་གཏན་ནས་སྣང་མེད་དུ་འཇོག་མི་རུང་། སྔ་མོ་བཞི་དངོས་འབེབས་བྱེད་པ་ནི་རིམས་ནད་ཡང་བསྐྱར་འཕར་བ་གཏན་འགོག་བྱེད་པའི་ནུས་ལྡན་བྱེད་ཐབས་ཤིག་ཡིན་ལ། མཉམ་འགོག་མཉམ་འཛིན་རྒྱུན་འཁྱོངས་བྱེད་པ་དང་ནད་པ་ངོས་འཛིན་དང་དོགས་ཡོད་ནད་པ། ཡང་ན་ནད་རྟགས་མི་མངོན་མཁན་ལ་འབྲེལ་བ་ཡོད་པ་སོགས་ཀྱི་གནས་ཚུལ་ཚང་མ་དུས་ཐོག་ཏུ་ཡར་ཞུ་བྱེད་པ་དང་ཐག་གཅོད་བྱེད་དགོས་ལ། མངོན་གསལ་ཁྱབ་སྒྲོག་དང་དངོས་ཐོག་བདེན་འཚོལ་སྒོས་ཆ་འཕྲིན་ཁྱབ་སྒྲོག་བྱེད་པ་དང་ཇི་མ་ཇི་བཞིན་དུ་ཡར་ཞུ་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཉེ་ལམ་རང་རྒྱལ་གྱི་སྐམ་སའི་གྲུ་ཁ་ནས་ནང་ལ་མཆེད་པའི་ངོས་འཛིན་ནད་པའི་གྲངས་ཀ་དེ་མཁའ་འགྲུལ་ཐད་ནས་ནང་ལ་མཆེད་པའི་ངོས་འཛིན་ནད་པའི་གྲངས་ཀ་ལས་བརྒལ་ཡོད། མཐའ་མཚམས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་རང་གི་རིམས་ནད་རྒྱལ་ཁོངས་བརྒལ་ནས་མཆེད་པར་འགོག་སྲུང་བྱེད་པའི་སྤྱིའི་འགན་འཁྲི་ལ་དམིགས་ཏེ། རིམ་པ་སོ་སོ་ནས་འགོག་སྲུང་འགན་འཁྲི་དང་ལེན་བྱེད་པ་དང་། སྔོག་དཔག་ཇུས་གཞི་དང་རིམས་འགོག་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་པར་མ་ཟད་རིགས་བཀར་ནས་ཇུས་གཞི་ལག་བསྟར་དང་གནད་འཁེལ་འགོག་སྡོམ་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་ཞིབ་བཤེར་ཚད་ལེན་དང་མྱུར་སྐྱོབ་སོགས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། མཐའ་མཚམས་གྲ་ཁ་ནས་ནང་ལ་ཡོང་བའི་མི་སྣར་བཀག་འགོག་དོ་དམ་ལག་བསྟར་བྱེད་པ་དང་། འཕྲོད་བསྟེན་རིམས་ནད་ཞིབ་བཤེར་ནུས་པ་ཇེ་ཆེར་གཏོང་དགོས། མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་དོ་དམ་ཚོད་འཛིན་དང་མཐའ་མཚམས་ཉོ་ཚོང་ཚོང་རའི་རིམས་ནད་འགོག་བཅོས་སོགས་ཀྱི་བྱེད་ཐབས་ལག་བསྟར་ནན་མོ་བྱེད་དགོས་པར་མ་ཟད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྒྱལ་སྤྱིའི་ཚོང་སྐྱེལ་འཁོར་རྒྱུག་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། འཕྲལ་སྒྲུབ་ཐག་གཅོད་དང་རྒྱུན་རྣམ་ཅན་གྱི་འགོག་སྲུང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ནུས་ལྡན་དང་གོ་རིམ་ཡོད་པའི་སྒོ་ནས་ལས་ཐོན་སླར་གསོའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་གཞི་ཁྱོན་རྒྱ་བསྐྱེད་དགོས། ཉེན་ཁ་ཆུང་བའི་ས་ཁུལ་གྱིས་ལས་ཐོན་སླར་གསོ་ཁྲོད་ཀྱི་འགོག་སྡོམ་བྱེད་ཐབས་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་པ་དང་། ངེས་པར་དུ་མཁོ་བའི་འགོག་སྡོམ་དངོས་རྫས་དང་འཕྲལ་སྒྲུབ་ཐག་གཅོད་ནུས་པ་འགན་སྲུང་བྱེད་དགོས། ཁེ་ལས་ལས་དོན་ལས་ཁུངས་ཀྱི་གཙོ་གཞིའི་འགན་འཁྲི་དང་ལེན་བྱེད་པ་དང་རིམས་ནད་འགོག་སྡོམ་དང་ལས་བཟོ་བ་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབ་ནས་མི་སྣ་གཅིག་བསྡུས་དང་ཐུན་མོང་གི་བྱ་འགུལ་ཇེ་ཉུང་དུ་གཏོང་དགོས། གལ་ཏེ་རིམས་ནད་རྩད་ཆོད་རྗེས་མྱུར་དུ་ཡར་ཞུ་བྱེད་པ་དང་ལུགས་མཐུན་སྒོས་ཐག་གཅོད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།