ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་ཀྱི་སྲིད་ཏང་གིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་ཐད་ནས་ཐུན་མོང་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་གུང་ཁྲན་ཏང་གིས་ཚེས་གཉིས་ཉིན་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་བརྒྱ་ལྷག་གི་སྲིད་ཏང་ཉིས་བརྒྱ་དང་སུམ་ཅུ་ལྷག་དང་མཉམ་འབྲེལ་སྒོས་ཐུན་མོང་འབོད་སྐུལ་བཏང་སྟེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་མིའི་རིགས་ཀྱི་ལུས་ཕུང་བདེ་ཐང་དང་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ཐད་འགྲན་རྩོད་ཆེན་པོ་ཐེབས་ཡོད་པས། རྒྱལ་ཁབ་སོ་སོས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་པོར་འཇོག་པ་དང་། ནུས་ལྡན་གྱི་རིམས་འགོག་བྱེད་ཐབས་སྤྱོད་པ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་འཛིན་པ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱེད་པ། ཕན་ཚུན་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་པ། འཛམ་གླིང་ཡོངས་ཀྱི་ཐོན་ཁུངས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། བློ་བརྟན་འགྱུར་མེད་སྒོས་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་ནད་དུག་ཕམ་ཉེས་སུ་གཏོང་དགོས་པར་བསྟན། 

ཐུན་མོང་འབོད་སྐུལ་ལས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་རྒྱ་ཡན་དུ་འགྲོབ་ཞིན་ཡོད་པས། རྒྱལ་ཁབ་སོ་སོས་རང་རང་གི་གནས་ཚུལ་ལ་གཞིགས་ཏེ་བྲེལ་མྱུར་འཆར་གཞི་དང་བྱེད་ཐབས་གཏན་འབེབས་བྱས་ཤིང་། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་མཉམ་དུ་རིམས་ནད་འགོག་རྒོལ་བྱེད་དགོས། ཀྲུང་གོ་སོགས་རྒྱལ་ཁབ་རེ་འགས་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་དང་། རྒྱལ་ཁབ་གཞན་པས་རིམས་ནད་འགོག་བཅོས་བྱེད་པར་དུས་ཚོད་བརྩོན་ལེན་དང་། ཉམས་མྱོང་བསགས་ནས་མཉམ་སྤྱོད་བྱས་ནས། རྒྱལ་ཁབ་སོ་སོས་རིམས་ནད་འགོག་བཅོས་ཀྱི་རྒྱལ་ཁ་ལོན་པར་ཡང་རེ་བ་དང་ཡིད་ཆེས་སྦྱིན་ཡོད་ཟེར། 

ཐུན་མོང་འབོད་སྐུལ་ལས་རྒྱལ་ཁབ་སོ་སོས་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམ་བྱས་ཤིང་། དམིགས་བསལ་གྱི་བྱེད་ཐབས་སྤྱད་དེ་ཉམ་ཆུང་ཚོགས་ཁག་དང་ཁེ་ལས་འབྲིང་ཆུང་ལ་སྲུང་སྐྱོབ་བྱས་ནས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་ཧུར་ཐག་སྒོས་སྲུང་སྐྱོབ་བྱེད་དགོས། དེའི་ཞོར་དུ་རྒྱལ་སྤྱིའི་ཆེ་མཐོང་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་ཡོངས་ཀྱི་དངུལ་ལོར་ཚོང་ར་དང་ཐོན་ལས་མུ་རྒྱུན། མཁོ་འདོན་མུ་རྒྱུན་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ། སྒོ་ཁྲལ་ཇེ་ཉུང་དང་མེད་པར་བཏང་ནས་ཉོ་ཚོང་ལ་བཀག་རྒྱ་མེད་པར་བཟོས་ཏེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་། 

ཐུན་མོང་འབོད་སྐུལ་ལས་ནན་གྱིས་བསྟན་དོན། ནད་དུག་ལ་རྒྱལ་ཁབ་ཀྱི་དབྱེ་བ་མེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་ཏུ་འབྲེལ་ཡོད། རྒྱལ་ཁབ་གང་ཡིན་ཡང་ཁེར་རྐྱང་གི་ནུས་པས་ཐག་གཅོད་ཐུབ་མ་ཞིག་མ་ཡིན། དཀའ་ཁག་ལྷག་ཏུ་ཆེ་བའི་སྐབས་སུ་དེ་ལྟར་ཕན་ཚུན་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་པ་དང་། སྤྱི་བའི་འཕྲོད་བསྟེན་གནད་དོན་གྱི་ཆབ་སྲིད་ཅན་ལ་ངོ་རྒོལ་བྱས་ཏེ། རིམས་ནད་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་པར་བརྙས་དམོད་བྱེད་པ་དང་ངེས་གཏན་གྱི་རྒྱལ་ཁབ་དང་ས་ཁུལ། མི་རིགས་བཅས་ལ་མཐོང་ཆུང་བྱེད་པའི་གཏམ་སྤྱོད་བཀག་འགོག་བྱེད་དགོས། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཕྱི་སྡོད་རང་མི་དང་ཕྱི་འགྲིམ་སློབ་མའི་ཚེ་སྲོག་བདེ་ཐང་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་ཟེར། 

ཐུན་མོང་འབོད་སྐུལ་ལས་བསྟན་དོན། རྒྱལ་ཁབ་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་མཉམ་གྲོས་དང་། མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་འདུ་ཤེས་ཆགས་པར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཛམ་གླིང་ཧྲིལ་བོའི་སྤྱི་བའི་འཕྲོད་བསྟེན་བཅོས་སྐྱོང་ཁྲོད་ཀྱི་སྣེ་ཁྲིད་ནུས་པར་རྒྱབ་སྐྱོར་བྱས་ཤིང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཧུར་ཐག་སྒོས་མིའི་རིགས་ཀྱི་ལུས་ཕུང་བདེ་ཐང་ཐུན་མོང་ཚོགས་པ་གསར་དགོས་ཟེར། 

ཐུན་མོང་འབོད་སྐུལ་བཏང་བའི་འཛམ་གླིང་ཡོངས་ཀྱི་སྲིད་ཏང་དག་གིས་དམིགས་བསལ་དུས་སྐབས་འདིར་འབྲེལ་འདྲིས་དང་བརྗེ་རེས་ཟབ་མོ་བྱེད་པ་དང་། ཆབ་སྲིད་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། འཛམ་གླིང་ཡོངས་ཀྱི་རིམས་འགོག་འཐབ་རྩོད་ལ་ཆབ་སྲིད་ཀྱི་སྒུལ་ཤུགས་ལྡན་པར་བྱེད་རྒྱུ་ཁས་ལེན་བྱས། རིམས་ནད་འདས་རྗེས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་སྔར་ལས་སྲ་བརྟན་དང་། མིའི་རིགས་ཀྱི་མ་འོངས་པ་སྔར་ལས་མཛེས་སྡུག་ལྡན་པར་ཡིད་ཆེས་ཡོད་ཟེར། 

འདི་ནི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཚུན་གྱི་འཛམ་གླིང་ཧྲིལ་བོའི་སྲིད་ཏང་གཙོ་བོ་དག་གིས་ཐོག་དང་པོར་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཐད་ནས་ཐུན་མོང་འབོད་སྐུལ་བཏང་། ཐུན་མོང་འབོད་སྐུལ་གཏོང་བར་ཞུགས་པའི་སྲིད་ཏང་དག་ནི་འཛམ་གླིང་ཡོངས་ཀྱི་གླིང་ཆེན་ལྔ་ནས་ཡོང་ཞིང་། རྒྱལ་ཁབ་གཙོ་བོའི་སྲིད་འཛིན་ཏང་དང་། སྲིད་ཞུགས་ཏང་། སྲིད་དབང་བཟུང་མེད་པའི་ཏང་ཁག་གཙོ་བོ། དེ་མིན་སྲིད་ཏང་རྒྱལ་སྤྱིའི་རྩ་འཛུགས་སོགས་འདུས་པ་དང་། གཡོན་དབུས་གཡས་གསུམ་གྱི་འདུ་ཤེས་འཛིན་སྟངས་མི་འདྲ་བའི་སྲིད་ཏང་ཀུན་ལ་ཁྱབ་ཡོད་པས་འཐུས་ཚབ་རང་བཞིན་ཆེས་ཆེར་ལྡན། རྒྱལ་སྤྱིའི་སྲིད་ཏང་གཙོ་བོས་ཐུན་མོང་འབོད་སྐུལ་གཏོང་བ་ལ་བརྟེན་ནས། ལག་རྡང་སྦྲེལ་ནས་མཉམ་ལས་དང་དཀའ་ཁག་མཉམ་སེལ་བྱེད་པའི་ཆབ་སྲིད་རེ་འདུན་བསྟན་པ་དང་། འཛམ་གླིང་ཡོངས་ཀྱི་དམངས་སེམས་གཅིག་འདུས་དང་སྟོབས་ཤུགས་གཅིག་སྒྲིལ། རིམས་ནད་མཉམ་འགོག་བཅས་ཀྱི་ཐད་ཁྲིད་སྟོན་དང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།