ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པི་ལིས་ཧྲིའི་རྒྱལ་པོ་ཧྥེ་ལི་ཕུའུ་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པི་ལིས་ཧྲིའི་རྒྱལ་པོ་ཧྤེ་ལི་ཕུའུ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བཤད་རྒྱུར། མིག་སྔར། པྲོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་དེ། ཡོ་རོབ་དང་པི་ལིས་ཧྲིའི་ལ་འགྲན་སློང་དྲག་པོ་འཕྲད་ཡོད། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་པི་ལིས་ཧྲིའི་རྒྱལ་པོ་ཚང་དང་། སྲིད་གཞུང་། པི་ལིས་ཧྲིའི་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སྐབས་སུ་པི་ལིས་ཧྲིའི་ལས་རིགས་སོ་སོས་བྱེད་ཐབས་མི་འདྲ་བའི་སྒོ་ནས་ཀྲུང་གོ་ཕྱོགས་ལ་འཚམས་འདྲི་དང་རྒྱབ་སྐྱོར་ཞུས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་སོ་སྲུང་རོགས་རེས་བྱེད་པའི་མཛའ་གྲོགས་ཟབ་མོ་མཚོན་པར་བྱས། ཀྲུང་གོ་ཕྱོགས་ཀྱིས་པི་ལིས་ཧྲིའི་ཕྱོགས་ལ་ཧུར་ཐག་གིས་མིག་སྔའི་རིམས་འགོག་དངོས་ཟོག་དཀོན་པའི་དཀའ་ངལ་སེལ་རོགས་བྱེད་རྒྱུ་དང་། དུས་མཚུངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཕན་ཡོད་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཐུན་མོང་གིས་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། པི་ལིས་ཧྲིའི་རྒྱལ་པོ་ཚང་དང་སྲིད་གཞུང་གི་འགོ་ཁྲིད་འོག་པི་ལིས་ཧྲིའི་མི་དམངས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་ཡོད་དེ། པི་ལིས་ཧྲིའི་ཀྲུང་གོའི་སྤྱི་དམངས་དང་ལྷག་པར་དུ་ཕྱིར་འགྲིམ་སློབ་མའི་བདེ་འཇགས་འགན་སྲུང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཡག་པོར་སྒྲུབ་རོགས་ཞེས་གསུང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ནད་དུག་ལ་རྒྱལ་མཚམས་མེད་པ་དང་རིགས་རྒྱུད་ལ་དབྱེ་བ་མེད་ཕྱིར་མིའི་རིགས་ཡོངས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཉམ་ཤུགས་ཤིག་ཆགས་ཚེ་གཞི་ནས་རྒྱལ་ཐུབ། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཟུང་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས། ཉེ་སྔོན་འཚོགས་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་སྟེང་། ངས་རིམས་ནད་ལ་འགོག་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་དང་འཛམ་གླིང་གི་དཔལ་འབྱོར་བརྟན་ལྷིང་ཡོང་བའི་ཐད་གྲོས་འགོ་བཏོན་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་གང་མགྱོགས་བྱེད་པ་དང་། དཀའ་ངལ་ཁྱད་བསད་བྱེད་པ། སྨན་བཅོས་རིམས་འགོག་དངོས་རྫས་ཀྱི་ཐོན་ནུས་སྔོན་ལ་སླར་གསོ་དང་མཐོ་རུ་གཏོང་བ། སྤུས་ཚད་ལྟ་སྐུལ་དོ་དམ་གྱི་བྱེད་ཐབས་ནན་དུ་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་རིམས་ནད་འགོག་པའི་ཐད་དངོས་ཟོག་གི་འགན་ལེན་མང་ཙམ་བྱ་རྒྱུ་ཡིན་ཅེས་གསུང་།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་པོ་མཆོག་གིས་ཀྲུང་གོ་དང་པེ་ལིན་ཧྲིའི་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བར་ཀྲུང་གོ་ཕྱོགས་ཀྱིས་བསྟོད་བསྔགས་བྱས་པ་ཡིན། པེ་ལིན་ཧྲིའི་དང་མཉམ་དུ་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཀྲུང་གོ་དང་པེ་ལིན་ཧྲིའི། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུང་པ་རེད།

ཧྥེ་ལི་ཕུའུ་ཡིས་བཤད་རྒྱུར། མིག་སྔར་པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ལ་གནོད་པ་བཟོས། ཀྲུང་གོས་སྔོན་ལ་རིམས་ནད་ཚོད་འཛིན་ཐད་གྲུབ་འབྲས་བླངས་ཡོད་པ་དང་། ཀྲུང་གོའི་ཉམས་མྱོང་གིས་རྒྱལ་ཁབ་གཞན་ལ་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོས་རྒྱལ་ཁབ་སོ་སོའི་རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་བྱས་ཏེ་བྱས་རྗེས་བཞག་ཡོད། པི་ལིས་ཧྲིའི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་ཉེ་བར་མཁོ་བའི་སྨན་བཅོས་འགོག་སྲུང་དངོས་ཟོག་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། པི་ལིས་ཧྲིའི་ཕྱོགས་ཀྱིས་སྨན་རྫས་ཞིབ་འཇུག་གསར་སྤེལ་ཐད་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་འདོད་ཡོད། དཀའ་སྡུག་གི་སྐབས་སུ་བརྩེ་བ་ངོ་མ་མཐོང་ཐུབ། ཀྲུང་གོ་ནི་པི་ལིས་ཧྲིའི་གྲོགས་པོ་ངོ་མ་ཡིན། ངས་ནམ་ཡང་མཛའ་མཐུན་གྱི་མཛའ་བརྩེ་འདི་ལ་གཅེས་སྤྲས་བྱས་ཏེ་ཧུར་ཐག་གིས་རྒྱལ་ཁབ་གཉིས་ཀྱི་འགྲོ་འོང་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།