ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཨེ་ཨར་ལན་གྱི་ཙུང་ལི་ཝ་ལཱ་ཏི་ཁཱ་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས31ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དུས་བཅད་ལྟར་ཨེ་ཨར་ལན་གྱི་ཙུང་ལི་ཝ་ལཱ་ཏི་ཁཱ་ལ་ཁ་པར་བཏང་།

ལིས་ཁི་ཆང་གིས་བཤད་རྒྱུར། མིག་སྔར་པྲོག་གསར་གློ་ཚད་རིམས་ནད་དེ་རྒྱལ་ཁབ་མང་པོར་མཆེད་བཞིན་ཡོད་པས་ཨེ་ཨར་ལན་ལའང་རིམས་ནད་ཀྱི་གནོད་པ་ཐེབས་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཨེ་ཨར་ལན་ཕྱོགས་ལ་རིམས་ནད་འགོག་བཅོས་ཐད་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། ནུས་པ་ཅི་ལྕོགས་ཀྱིས་ཁྱབ་ཁོངས་ནང་ཨེ་ཨར་ལན་ཕྱོགས་ལ་དགོས་ངེས་ཀྱི་རོགས་རམ་བྱས་ཏེ། ཨེ་ཨར་ལན་ཕྱོགས་ཀྱིས་ཀྲུང་གོ་ནས་སྨན་བཅོས་དངོས་ཟོག་ཉོ་སྒྲུབ་དང་སྐྱེལ་འདྲེན་བྱེད་རྒྱུར་སྟབས་བདེ་བསྐྲུན་ནས་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་སྨན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཀྱི་ཐད་ལ་མཉམ་ལས་བྱེད་འདོད་ཡོད་ཅེས་གསུང་པ་རེད།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཨེ་ཨར་ལན་དུ་ཀྲུང་གོའི་སྤྱི་དམངས་མི་ཉུང་བ་ཞིག་དེ་གར་སློབ་སྦྱོང་དང་འཚོ་སྡོད་བྱས་ཡོད། ཀྲུང་གོ་སྲིད་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ལུས་ཕུང་བདེ་ཐང་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་མཐོང་ཆེན་བྱེད་ཀྱིན་ཡོད། ཨེ་ཨར་ལན་ཕྱོགས་ཀྱིས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ཀྲུང་གོའི་སྤྱི་དམངས་དང་ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བའི་སློབ་མའི་བདེ་འཇགས་དང་འཚོ་བའི་སྟབས་བདེ་ལ་འགན་སྲུང་བྱེད་རོགས་ཅེས་གསུང་།

  ཝ་ལཱ་ཏི་ཁ་ཡིས་བཤད་རྒྱུར། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱས་པར་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་དང་འཕེལ་རིམ་ཐོབ་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་དུས་ཐོག་ཏུ་ཆ་འཕྲིན་མཉམ་སྤྱོད་བྱས་པར་འཛམ་གླིང་གི་རྒྱལ་ཁབ་སོ་སོས་བརྩི་འཇོག་བྱེད་འོས་པ་ཞིག་རེད། མིག་སྔར་རིམས་ནད་དེ་ཨེ་ཨར་ལན་དུ་མཆེད་པ་རེད། ཨེ་ཨར་ལན་ཕྱོགས་ཀྱིས་ཀྲུང་གོས་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རིམས་འགོག་དངོས་ཟོག་ཉོ་སྒྲུབ་ཐད་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་སྨན་རྫས་ཞིབ་འཇུག་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཨེ་ཨར་ལན་ཕྱོགས་ཀྱིས་རང་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་ཚུད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱེད་རྒྱུ་ཡིན་ཞེས་གསུང་།

ཝང་དབྱི་གོང་གི་བྱ་འགུལ་དེའི་ཁྲོད་ཞུགས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།