ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་འཛམ་གླིང་གི་ཟིན་ཐོ་གསར་པ་ཁག་གཉིས་བཏོད་ཡོད།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2020-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་རྒྱལ་གྱིས་རང་བྱུང་སོལ་རླངས་ཆུ་འདྲེས་རྫས་ཀྱི་ཚོད་ལྟའི་སྔོག་འདོན་ཐད་འཛམ་གླིང་གི་ཟིན་ཐོ་ཁག་གཉིས་བཏོད་ཡོད།

     ཚེས་26ཉིན་འཚོགས་པའི་རང་རྒྱལ་གྱི་མཚོ་ཁོངས་རང་བྱུང་སོལ་རླངས་ཆུ་འདྲེས་རྫས་ཀྱི་རེས་སྐོར་གཉིས་པའི་ཚོད་ལྟའི་སྔོག་འདོན་གྲུབ་འབྲས་སྙན་ཞུའི་བརྙན་ལམ་ཚོགས་འདུའི་ཐོག་གསར་འགོད་པས་ཤེས་རྟོགས་བྱུང་བར། རང་བྱུང་ཐོན་ཁུངས་པུའུ་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱིས་སྒྲིག་འཛུགས་ལག་བསྟར་བྱས་པའི་རང་རྒྱལ་གྱི་མཚོ་ཁོངས་རང་བྱུང་སོལ་རླངས་ཆུ་འདྲེས་རྫས་ཀྱི་རེས་སྐོར་གཉིས་པའི་ཚོད་ལྟའི་སྔོག་འདོན་ལ་ཉིན་ཤས་གོང་རྒྱལ་ཁ་ཐོབ་པ་མ་ཟད། དམིགས་ཚད་ལས་བརྒལ་ཏེ་ལས་འགན་ལེགས་གྲུབ་བྱུང་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། རེས་སྐོར་འདིའི་ཚོད་ལྟའི་སྔོག་འདོན་གྱི་དུས་ཡུན་ནི་ཟླ་བ་1ཡིན་ཞིང་། དེའི་རིང་ཆུའི་གཏིང་ཚད་སྨི་1225ཡིན་པའི་ལྷོ་རྒྱ་མཚོའི་ཧྲེན་ཧུའུ་མཚོ་ཁོངས་ནས“སོལ་རླངས་ཐོན་ཚད་བསྡོམས་འབོར་སྨི་གྲུ་བཞི་ལྷམ་པ་ཁྲི་86.14ཟིན་པ་དང་། ཉིན་རེར་ཆ་སྙོམས་སོལ་རླངས་ཐོན་ཚད་སྨི་གྲུ་བཞི་ལྷམ་པ་ཁྲི་2.87ཟིན་པའི”འཛམ་གླིང་གི་ཟིན་ཐོ་གསར་པ་ཁག་གཉིས་བཏོད་ཡོད་ཅིང་། དེས་མཚོ་གཏིང་མཉེན་པའི་ས་རིམ་ནས་ཆུ་སྙོམས་ཁྲོན་པ་འབིགས་འདོན་བྱེད་པའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ཐུབ་ཡོད་པ་མ་ཟད། “འཚོལ་ཞིབ་རང་བཞིན་གྱི་ཚོད་འདོན་”ནས“ཚོད་ལྟའི་རང་བཞིན་གྱི་ཚོད་འདོན་”དུ་མཆོང་སྐྱོད་གལ་ཆེན་མངོན་འགྱུར་བྱུང་བ་དང་། དེ་བསྟུན་ཐོན་ལས་ཅན་གྱི་འཕེལ་རིམ་ཁྲོད་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་རེད།  

     ངོ་སྤྲོད་བྱས་པར་གཞིགས་ན། རང་བྱུང་སོལ་རླངས་ཆུ་འདྲེས་རྫས་ཐོན་ལས་ཅན་དུ་འགྱུར་བ་བྱ་རྒྱུ་དེར་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་། ལད་ཟློས་ཚོད་ལྟ། འཚོལ་ཞིབ་རང་བཞིན་གྱི་ཚོད་འདོན། ཚོད་ལྟའི་རང་བཞིན་གྱི་ཚོད་འདོན། ཐོན་སྐྱེད་རང་བཞིན་གྱི་ཚོད་འདོན། ཚོང་ལས་སྔོག་འདོན་བཅས་དུས་མཚམས་5རུ་དབྱེ་ཡོད། རེས་སྐོར་གཉིས་པའི་ཚོད་ལྟའི་སྔོག་འདོན་གྱིས“འཚོལ་ཞིབ་རང་བཞིན་གྱི་ཚོད་འདོན་”ནས་“ཚོད་ལྟ་རང་བཞིན་གྱི་ཚོད་འདོན”གྱི་དུས་མཚམས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་ཐུབ་པ་མ་ཟད། རང་བྱུང་སོལ་རླངས་ཆུ་འདྲེས་རྫས་ཐོན་ལས་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་ཧ་ཅང་འགག་རྩའི་གོམ་སྟབས་ཤིག་ཀྱང་སྤོས་ཡོད། མིག་སྔར་རེས་སྐོར་གཉིས་པའི་ཚོད་ལྟའི་སྔོག་འདོན་སྔར་བཞིན་སྤེལ་བཞིན་ཡོད་ལ། ཚན་རྩལ་མི་སྣས་རང་བྱུང་སོལ་རླངས་ཆུ་འདྲེས་རྫས་རྩད་ཞིབ་སྔོག་འདོན་ཐོན་ལས་ཅན་དུ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ཐོན་སྐྱེད་རང་བཞིན་གྱི་ཚོད་ལྟའི་སྔོག་འདོན་ལག་བསྟར་བྱ་རྒྱུ་བཅས་ལ་དམིགས་ནས་དགོས་ངེས་ཀྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།