ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པ་ཞིའི་ཙུང་ཐུང་པོ་སུའོ་ན་ལུའོ་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས24ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་པ་ཞིའི་ཙུང་ཐུང་པོ་སུའོ་ན་ལུའོ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་པ་ཞིའི་སྲིད་གཞུང་དང་པ་ཞིའི་མི་དམངས་ཀྱིས་ཐེངས་འདིའི་གློ་ཚད་རིམས་ནད་འགོག་བཅོས་བྱས་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས། ཞི་ཅིན་ཕིང་གིས་བཤད་རྒྱུར། ཉེ་ལམ་རིམས་ནད་དེ་འཛམ་གླིང་ཡོངས་སུ་གློ་བུར་དུ་ཁྱབ་པ་དང་། ཁ་ཚ་དགོས་གཏུག་གིས་སྒྲུབ་དགོས་པའི་ལས་འགན་ནི་རྒྱལ་ཁབ་སོ་སོས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁུར་བཅས་ཀྱི་རྣམ་འགྱུར་ཐོག་ནས་རིམས་ནད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་རྒྱུ་མ་ཟད་ནུས་ཤུགས་ཡོད་རྒུས་ཕྱོགས་སོ་སོ་ལ་རོགས་སྐྱོར་བྱེད་རྒྱུ་ཡིན། ངས་པ་ཞིའི་རིམས་ནད་ཀྱི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། པ་ཞིའི་ཕྱོགས་ཀྱིས་སྔ་མོ་ནས་རིམས་ནད་མཆེད་པར་བཀག་འགོག་བྱེད་པའི་རེ་བ་ཡོད། དེ་རིང་ཀྲུང་གོས་པ་ཞི་དང་། ལ་ཏིང་མེ་གླིང་། ཅ་ལེ་པི་རྒྱལ་ཁབ་བཅས་ལ་བརྙན་ལམ་བརྒྱུད་དེ་བྱ་བའི་ཚོགས་འདུ་བསྡུས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་སྤེལ་རེས་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་པ་ཞིའི་ཕྱོགས་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱས་ཏེ་རིམས་ནད་དེ་འཛམ་གླིང་གི་ཁྱབ་ཁོངས་སུ་མཆེད་པར་སྔོན་འགོག་བྱེད་པར་སྟོབས་ཤུགས་འབུལ་དགོས་ཅེས་གསུང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་ཆེད་བློས་གཏོང་ཆེན་པོ་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་དུས་ཚོད་ཀྱིས་རྒྱལ་ཁ་བླངས་ཡོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་ཐད་སྤྱི་མང་གི་དཔྱད་གཏམ་སྤེལ་ཡོད། ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ནི་ཕན་ཚུན་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་བྱེད་པ། ཐུན་མོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྡོག་རྩ་གཅིག་སྒྲིལ་གྱི་སྐད་སྒྲ་སྒྲོག་པ། ལག་གདང་སྦྲེལ་ནས་རིམས་ནད་ལ་ཁ་གཏད་གཅོག་པའི་དགེ་མཚན་ལྡན་པའི་བརྡ་རྟགས་བརྒྱུད་སྤྲོད་བྱེད་པ་དང་། དུས་མཚུངས་སུ་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་འབྲེལ་བ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཀྲུང་གོ་དང་པ་ཞི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཐུན་མོང་གིས་སྲུང་སྐྱོང་དང་འཕེལ་རྒྱས་ཡག་པོ་གཏོང་དགོས། ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ་མ་ཟད། ཀྲུང་གོ་དང་པ་ཞིའི་ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་གསུང་།

པོ་སུའོ་ན་ལུའོ་ཡིས་བཤད་རྒྱུར། མིག་སྔར་ཐེངས་འདིའི་གློ་ཚད་རིམས་ནད་དེ་པ་ཞི་ན་མཆེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་པ་ཞིས་ཀྲུང་གོ་རུ་དགོས་ངེས་ཀྱི་སྨན་བཅོས་དངོས་ཟོག་ཉོ་སྒྲུབ་བྱེད་པར་སྟབས་བདེ་བསྐྲུན་པ་ལ་པ་ཞིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་གིས་རིམས་ནད་ལ་འགོག་རྒོལ་བྱས་ཏེ་རྒྱལ་ནང་གི་རིམས་ནད་མཆེད་རྒྱུ་མགྱོགས་མྱུར་ངང་བཀག་འགོག་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ངས་རླབས་ཆེན་གྱི་ཀྲུང་གོའི་མི་དམངས་ལ་གུས་འདུད་ཞུ་རྒྱུ་མ་ཟད། པ་ཞི་དང་ཀྲུང་གོའི་མཛའ་གྲོགས་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྲ་ཞིང་བརྟན་པོ་ཡིན་པ་བསྐྱར་བསྒྲགས་བྱས་པ་ཡིན། པ་ཞི་ཕྱོགས་ཀྱིས་ཀྲུང་གོ་དང་ཕྱོགས་གཉིས་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་མ་ཟད། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་འབྲེལ་བའི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ལ་འགོག་རྒོལ་དང་དཔལ་འབྱོར་སླར་གསོ་བྱེད་ཆེད་དགོས་ངེས་ཀྱི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།