ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀོ་པུའུ་ལ་ཀྲུང་གོ་དང་ན་སྨི་པི་ཡ་བར་ཕྱི་འབྲེལ་བཙུགས་ནས་ལོ30འཁོར་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས་རེས་བྱས་པ།​

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ3པའི་ཚེས22ཉིན་ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀོ་པུའུ་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ30འཁོར་བར་རྟེན་འབྲེལ་ཞུས་པ་རེད།

 ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་ནང་བསྟན་དོན། ཀྲུང་གོ་དང་ན་སྨི་པི་ཡ་བར་ཕྱི་འབྲེལ་བཙུགས་ནས་ལོ30རིང་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་ཕྱར་བ་གྲུ་འདེགས་དང་ལག་གདང་མཉམ་སྦྲེལ་སྒོས་མདུན་དུ་བསྐྱོད་ཡོད། ཉེ་བའི་ལོ་ཤས་རིང་། ང་རང་ཙུང་ཐུང་ཀེན་ཀོ་པུ་ལ་ཐུག་འཕྲད་ཐེངས་མང་བྱས་ནས་ཀྲུང་ནའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་འབྲེལ་བ་བཙུགས་པ་དང་འཕེལ་རྒྱས་གཏོང་རྒྱུའི་ཐད་ལྟ་ཚུལ་གཅིག་མཐུན་བྱུང་བ་མ་ཟད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཁྲིད་སྟོན་བྱས་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་པ་རེད། ངས་ཀྲུང་ན་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། རྗེས་ཕྱོགས་ཙུང་ཐུང་ཀེན་ཀོ་པུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ30འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དེ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ། དངོས་སྒྲུབ་མཉམ་ལས་གཏིང་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་བའི་ཀྲུང་ན་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣོན་རྒྱུ་དང་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོང་བར་ནུས་ཤུགས་གསར་པ་འདོན་འདོད་ཡོད་ཅེས་བསྟན།

ཀེན་ཀོ་པུའུ་ཡིས་རྟེན་འབྲེལ་ཞུ་ཡིག་ནང་། རྒྱལ་ཁབ་གཉིས་ཀྱི་བར་ཕྱི་འབྲེལ་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་ཀུན་ཏུ་མཐུན་སྒྲིལ་དང་གཉིས་ཁེ་མཉམ་ལས་ལ་མཐའ་འཁྱོངས་བྱས་པ་དང་ན་ཀྲུང་བར་གྱི་མཛའ་བཤེས་ལ་དུས་རབས་ཀྱི་འཕོ་འགྱུར་དང་གོ་ལ་ཧྲིལ་པོ་ཅན་གྱི་འགྲན་སློང་གི་ཚོད་བགམ་ཐེག་ཡོད། ན་སྨི་པི་ཡ་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་འགག་མཚམས་སུ་འགྲེང་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱིའབྲེལ་བར་གསོན་ཤུགས་གསར་པ་བསྣན་ཏེ་ཞི་བདེ་དང་། དར་རྒྱས། བརྟན་ལྷིང་བཅས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད། ན་སྨི་པི་ཡའི་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དཔའ་ངར་ཆེན་པོས་པྲོག་གསར་གློ་ཚད་ཀྱི་འཐབ་རྩོད་ལས་རྣམ་པར་རྒྱལ་བར་བསྔགས་བརྗོད་ཚད་མེད་གནང་ཀྱིན་ཡོད་ལ་ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་རིམས་ནད་འདི་གོ་ལ་ཧྲིལ་པོར་མཆེད་པར་འགོག་རྒོལ་བྱེད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་རྒྱལ་ཁབ་སྔར་ལས་དར་རྒྱས་གོང་འཕེལ་འབྱུང་ངེས་ཡིན་པར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།