ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ནས་རི་སྐྱེས་སྲོག་ཆགས་ཀྱི་ཤ་གང་འདོད་དུ་ཟ་བའི་གཤིས་ངན་འདོར་བར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཚེས་ཉི་ཤུའི་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རི་སྐྱེས་སྲོག་ཆགས་ཀྱི་ཤ་གང་འདོད་དུ་ཟ་བའི་གཤིས་ངན་རྩ་བ་ནས་འདོར་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། དྲིལ་སྒྲོག་སློབ་གསོ་དང་ཁྲིམས་བརྟེན་རྒོལ་རྡུང་ཕྱོགས་གཉིས་ཀ་གཙོ་བོར་བཟུང་སྟེ། རི་སྐྱེས་སྲོག་ཆགས་ཀྱི་ཤ་གང་འདོད་དུ་ཟ་བའི་གཤིས་ངན་འདོར་བའི་རང་རྟོགས་བསམ་བློ་ཆགས་པར་སྐུལ་འདེད་གཏོང་བ་དང་། མི་ཚང་མར་འགན་འཁྲི་ཡོད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་ནས། སྐྱེ་ཁམས་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་བདེ་འཇགས་ལ་དངོས་སུ་སྲུང་སྐྱོབ་བཟང་བོ་བྱེད་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རང་ཉིད་ནས་མགོ་བརྩམས་ཏེ། རི་སྐྱེས་སྲོག་ཆགས་ཀྱི་ཤ་གང་འདོད་དུ་ཟ་བའི་བྱ་སྤྱོད་རང་རྟོགས་ཀྱིས་འགོག་པ་དང་། བློ་འདོན་ཇུས་འབུལ་དང་ལྟ་བ་གཅིག་སྡུད་ཀྱི་བྱ་བ་མང་དུ་བསྒྲུབ་ནས། རི་སྐྱེས་སྲོག་ཆགས་ཀྱི་ཤ་གང་འདོད་དུ་ཟ་བའི་གཤིས་ངན་འདོར་བར་དྲང་ཕྱོགས་ནུས་ཚད་གཅིག་སྡུད་བྱེད་དགོས་ཞེས་ནན་གྱིས་བསྟན།

སྲིད་གྲོས་ཨུ་ཡོན་དང་ཆེད་མཁས་པ་བཅུ་གཉིས་ཀྱིས་རི་སྐྱེས་སྲོག་ཆགས་ཀྱི་ཤ་གང་འདོད་དུ་ཟ་བའི་གཤིས་ངན་འདོར་བར་དམིགས་ཏེ། དྲིལ་སྒྲོག་སློབ་གསོ་དང་ཁྲིམས་སྐྱོང་འགན་སྲུང་། སྡེ་ཁག་རོགས་ལས། སྤྱི་ཐུན་ཟབ་ཞུགས་སོགས་ཐད་ནས་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་ཉིས་བརྒྱ་དང་བདུན་ཅུས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྟབས་བདེའི་འགན་སྒྲུབ་སྟེགས་བུ་བརྒྱུད་དེ་ལང་ལོང་གིས་བསམ་འཆར་སྤེལ། ཚང་མས་བལྟས་ན། ཉེ་བའི་ལོ་འགའི་རིང་ལ་རང་རྒྱལ་གྱིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་ཤུགས་རྒྱུན་མ་ཆད་པར་ཇེ་ཆེར་སོང་བས། སྲོག་ཆགས་འཚོ་གནས་ཀྱི་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་སོང་བ་དང་། ཚོགས་ཁྱུའི་གྲངས་ཀ་བརྟན་བརླིང་སྒོས་གོང་དུ་འཕར་ལ། བཀོལ་སྤྱོད་ཁེ་ལས་ཀྱི་སྐྱེད་སྲིང་ཉིན་རེ་བཞིན་ཚད་ལྡན་དུ་གྱུར་ཡོད། ཡིན་ནའང་སྲོལ་རྒྱུན་གྱི་བཟའ་བཏུང་གོམས་གཤིས་དང་། རྔོན་རྒྱག་པ། རྒྱུ་ངོམ་པ། ལུས་གསོ་བ་སོགས་ནོར་འཁྲུལ་བསམ་བློའི་ཤན་ཤུགས་ཐེབས་པའི་ཁར། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཁྲིམས་འཛིན་རྐྱེན་སྲོལ་འཐུས་ཚང་མིན་པས། རི་སྐྱེས་སྲོག་ཆགས་ཀྱི་ཤ་གང་འདོད་དུ་ཟ་བའི་སྣང་ཚུལ་ད་དུང་ཡོངས་ཁྱབ་ཏུ་གནས་ལ། དེས་སྐྱེ་ཁམས་དོ་མཉམ་དུ་གཏོར་བརླགས་བྱས་པར་མ་ཟད། སྤྱི་ཐུན་འཕྲོད་བསྟེན་གྱི་ཉེན་ཁ་སློང་སླ་བས། གཤིས་ངན་འདི་འདོར་བར་འགོར་འགྱངས་ཅུང་ཙམ་ཡང་བྱེད་མི་རུང་ཟེར།

ཨུ་ཡོན་རྣམས་ཀྱིས་རི་སྐྱེས་སྲོག་ཆགས་ཀྱི་ཤ་གང་འདོད་དུ་ཟ་བའི་གཤིས་ངན་འདོར་བའི་རྩ་བ་ནི་བསམ་བློའི་འདུ་ཤེས་བསྒྱུར་བར་རག་ལས་པས། གཞན་དབང་གི་བཀག་འགོག་དེ་རང་རྟོགས་ཀྱི་བརྩི་སྲུང་དུ་བསྒྱུར་དགོས། ཚན་རིག་ཤེས་བྱ་ཁྱབ་གདལ་གྱི་དྲིལ་སྒྲོག་རྒྱ་ཆེ་ཞིང་གཏིང་ཟབ་མོར་སྤེལ་ནས། རི་སྐྱེས་སྲོག་ཆགས་ལ་གཅེས་སྐྱོང་བྱེད་པ་དང་། སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དེ་འོས་འགན་སློབ་གསོའི་སློབ་ཚན་དུ་འགོད་་དང་། རི་སྐྱེས་སྲོག་ཆགས་ཀྱི་ཤ་མི་ཟ་བ་དེ་བདེ་ཐང་ཀྲུང་གོའི་འགུལ་སྐྱོད་དུ་བཀོད་ནས། དཔལ་ཡོན་བདེ་ཐང་དང་ལྗང་མདོག་ཁོར་སྲུང་གི་བཟའ་བཏུང་རིག་གནས་དང་འཚོ་བ་རོལ་སྟངས་ཆགས་པར་བྱེད་དགོས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གཏན་ཁེལ་དང་ཆ་སྡེབས་ཡིན་པའི་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྡེ་ཁག་བརྒལ་བ་དང་ས་ཁོངས་བརྒལ་བའི་ཁྲིམས་འཛིན་རོགས་ལས་ལ་ཤུགས་བསྣན་ནས། རི་སྐྱེས་སྲོག་ཆགས་རྔོན་པ་དང་གསོ་བ། དེའི་རིམས་བཤེར་དང་ཚོང་གཉེར། བཀོལ་སྤྱོད་སོགས་བརྒྱུད་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་བྱེད་དགོས། རྒྱལ་ཡོངས་སུ་གཅིག་གྱུར་གྱི་སྤྱི་ཐུན་གཏུག་བཤེར་སྟེགས་བུ་བཙུགས་ནས། ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ཆད་གཅོད་པའི་ཚད་གཞི་ཆེས་ཆེར་ཇེ་མཐོར་གཏོང་དགོས། དོན་དངོས་ལ་རྐང་བཙུགས་ཏེ་རང་བྱུང་ཐོན་ཁུངས་བཀོལ་སྤྱོད་དང་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ། སྐྱེ་ཁམས་དོ་མཉམ་བཅས་ཀྱི་འབྲེལ་བ་ལུགས་མཐུན་གྱིས་ཐག་བཅད་དེ། ཟས་སུ་སྤྱོད་པར་ཡོངས་སུ་འགོག་པ་དང་། ལུགས་མཐུན་གྱིས་བཀོལ་སྤྱོད་བྱེད་པ། ཐོན་ལས་འཕེལ་རྒྱས་བཅས་ལ་རིགས་དགར་མཛུབ་སྟོན་བྱེད་དགོས་པ་བཅས་ཀྱི་གྲོས་གཞི་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་ལིས་པེན་གཉིས་ཚོགས་འདུར་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཡིས་བརྗོད་དོན་གཏམ་བཤད་སྤེལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀུའུ་ཅན་ཝུན་དང་ཧོང་ལུའུ་ཆི། པའེ་ཡན་སུང་། ཧོང་རུན་ཆུག་སོགས་ཀྱིས་ཚོགས་ཐོག་ནས་གཏམ་བཤད། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡི་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་སློབ་གསོ་པུའུ། ཞིང་ལས་ཞིང་སྡེ་པུའུ། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཁྲོམ་ར་ལྟ་སྐུལ་སྤྱི་ཁྱབ་ཅུའུ་བཅས་ཀྱི་འགན་ཁུར་བས་བརྗེ་རེས་གཏམ་བཤད་སྤེལ།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།