ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལེ་ཨུན་དང་པུར་ཀ་རུ་ཡའི་ཙུང་ལི་པའོ་ལིས་སོ་ཧྥུའུ་གཉིས་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས18ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལེ་ཨུན་དང་པུར་ཀ་རུ་ཡའི་ཙུང་ལི་པའོ་ལིས་སོ་ཧྥུའུ་གཉིས་ལ་ཁ་པར་བཏང་།

ལིས་ཁི་ཆང་གིས་ཧྥིན་ཏི་ལེ་ཨུན་ལ་ཁ་པར་བཏང་ནས་བསྟན་དོན། ཀྲུང་གོས་ཀྲུང་གོ་དང་ཡོ་རོབ་གླིང་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཡོ་རོབ་གླིང་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་དངུལ་གཏོང་གྲོས་མཐུན་གྲོས་མོལ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་འདོད་ཡོད། ཀྲུང་གོ་རིམས་ནད་འགོག་རྒོལ་ཐད་ནས་རྣམ་པར་རྒྱལ་རྗེས། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་འགྲོ་བ་དང་ཕྱོགས་གཉིས་ཀྱི་མཉམ་ལས་སྔར་ལས་ཇེ་མང་དུ་འགྲོ་བར་ཡིད་ཆེས་ཡོད་ཟེར།

ཧྥིན་ཏི་ལེ་ཨུན་གྱིས་བཤད་རྒྱུར། མིག་སྔར་ཡོ་རོབ་གླིང་ཕྱོགས་ཀྱིས་སྔར་བཞིན་རིམས་ནད་སྔོན་འགོག་དངོས་རྫས་ཉོ་སྡུད་བྱེད་དགོས་པས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་མཐུན་སྦྱོར་རྒྱབ་སྐྱོར་བྱེད་དགོས། ཡོ་རོབ་གླིང་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་རྣམ་པ་སྲུང་འཛིན་བྱེད་པ་དང་། ཧུར་ཐག་སྒོས་ཡོ་རོབ་གླིང་དང་ཀྲུང་གོའི་དངུལ་གཏོང་གྲོས་མཐུན་གྲོས་མོལ་ལ་སྐུལ་འདེད་བཏང་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་པའོ་ལིས་སོ་ཧྥུའུ་ལ་ཁ་པར་བཏང་ནས་བསྟན་དོན། དེང་སྐབས་ཀྲུང་གོ་དང་པུར་ཀ་རུ་ཡ་ཕྱོགས་གཉིས་ཀྱིས་རིམས་ནད་འགོག་རྒོལ་ཐད་ལ་ནུས་ཤུགས་གང་ཡོད་འདོན་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་པུར་ཀ་རུ་ཡ་ཕྱོགས་དང་མཉམ་དུ་རིམས་ནད་འགོག་སྲུང་བྱེད་པའི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། པུར་ཀ་རུ་ཡ་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱེད་པར་མ་ཟད་པུར་ཀ་རུ་ཡས་ཀྲུང་གོ་ནས་སྨན་བཅོས་དངོས་རྫས་ཉོ་སྡུད་བྱེད་པར་སྟབས་བདེ་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

པའོ་ལིས་སོ་ཧྥུའུ་ཡིས་ཀྲུང་གོས་རིམས་ནད་འགོག་སྲུང་ཐད་ལ་ནུས་ཤུགས་གང་ཡོད་བཏོན་པར་གཟེངས་བསྟོད་བྱེད་པ་དང་ཀྲུང་གོ་ཕྱོགས་ཀྱིས་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཀྲུང་གོས་མུ་མཐུད་དུ་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གཉིས་ཀྱི་རིམས་ནད་འགོག་བཅོས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།