ཀྲུང་གོ་བོད་ཀྱི་དྲ་བ།

སྡོད་ཁང་འཛུགས་སྐྲུན་པུས་ཟླ6པའི་ཟླ་མཇུག་གོང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཉེན་ཁང་སྒྱུར་བཀོད་ཀྱི་ལས་མཇུག་ཚང་མ་འགྲིལ་བའི་འགན་ལེན་བྱེད་དགོས་པ་བསྟན།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན་སྡོད་ཁང་འཛུགས་སྐྲུན་པུས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང《རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྤྱི་འདོམས་ཡག་པོ་བྱས་ནས་དུད་ཚང་དབུལ་པོའི་སྡོད་ཁང་གི་བདེ་འཇགས་འགན་ལེན་བྱེད་པའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་ཀྱི་ལས་འགན་ལེགས་སྒྲུབ་ཀྱི་དུས་བཀག་ཁ་གསལ་བཟོས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སྒྱུར་བཀོད་བྱེད་དགོས་པའི་ཉེན་ཁང་ཚང་མ2020ལོའི་ཟླ6པའི་ཟླ་མཇུག་གོང་ལས་མཇུག་འགྲིལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

《བརྡ་ཐོའི》ནང་གཏན་འབེབས་བྱས་དོན། 2019ལོར་ལས་མཇུག་འགྲིལ་མེད་པར་ལུས་པའི་ལས་འགན་དང་དེ་བཞིན“ཕྱིར་མིག་ལྟ་བ”ལས་གྲལ་བཤེར་ཐུབ་པའི་ལས་འགན་མང་དུ་སོང་བ་སོགས་གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་ཀྱི་མཇུག་འགྲིལ་ལས་འགན་ལ་དུད་ཚང་རེ་རེ་བཞིན་རྩིས་ཐོ་བཟོས་ནས་སྔ་སྣུར་དུ་སྤྲོད་པའི་2020ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་ཀྱི་ཁ་གསབ་མ་དངུལ་སྤྱི་འདོམས་བེད་སྤྱོད་ཡག་པོ་བྱས་ཏེ། ལས་ཡུན་ལྡོག་བཤེར་དང་འགན་འཁྲི་ནན་དུ་བཏང་ཐོག་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སྒྱུར་བཀོད་བྱེད་དགོས་པའི་ཉེན་ཁང་ཚང་མ་2020ལོའི་ཟླ་6པའི་ཟླ་མཇུག་གོང་ལས་མཇུག་འགྲིལ་བའི་འགན་ལེན་བྱེད་དགོས།

དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་ལས་གྲྭ་ལས་འགོ་ཡང་བསྐྱར་འཛུགས་པར་ཁུལ་དབྱེ་རིམ་དབྱེའི་གནད་སྨིན་གྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་ཀའི་བླང་བྱར་བརྩི་སྲུང་ཞུ་དགོས། རིམས་ནད་ཚབས་ཆེ་བའི་ས་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གཙོ་གནད་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག མི་ཤུགས་དང་ཨར་སྐྲུན་རྒྱུ་ཆ་སོགས་གྲ་སྒྲིག་ཡག་པོ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་གཞིགས་ཏེ་རིམ་པ་བཞིན་སྒྱུར་བཀོད་བྱེད་དགོས། རིམས་ནད་ཐོན་མེད་པའམ་ཡང་ན་རིམས་ནད་ཚབས་ཆུང་བའི་ས་ཁུལ་གྱིས་སེམས་ནུས་གཅིག་སྒྲིལ་གྱིས་གང་མགྱོགས་སྒྱུར་བཀོད་བྱེད་དགོས། “ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་དང་རིམས་ནད་ཚབས་ཆེ་བའི་ས་ཁུལ་དབུལ་པོར་ལས་ཀར་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་དུས་བཀག་བཞིན་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས།

འཛུགས་སྐྲུན་བྱེད་པ་དང་ཆབས་ཅིག་ད་དུང་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ནས་དབུལ་སྒྲོལ་གྱི་ཕན་འབྲས་བརྟན་དུ་གཏོང་དགོས། 《བརྡ་ཐོའི》ནང་གཏན་འབེབས་བྱས་དོན། ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བ”དང་། 2019ལོའི་དབུལ་སྐྱོར་ཕན་འབྲས་དཔྱད་ཞིབ། དེ་བཞིན་ས་གནས་ཁག་གི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲལ་བཤེར་ཆེ་མོ་སོགས་ལས་ཤེས་པའི་གནད་དོན་ལ་གཞིགས་ཏེ་ཉེན་ཁང་སྒྱུར་བཀོད་ཀྱི་སྤུས་ཚད་མཐོ་པོ་མེད་པ་དང་། ཁ་གསབ་མ་དངུལ་སྤྲོད་འགོར་བ། རྣམ་གྲངས་དོ་དམ་ཚད་ལྡན་མེད་པ་སོགས་གནད་དོན་ལ་དག་ཐེར་བྱེད་པའི་ལས་དོན་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱེད་དགོས། དུད་ཚང་དབུལ་པོའི་སྡོད་ཁང་བདེ་འཇགས་ཀྱི་འགན་ལེན་གནས་ཚུལ་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱས་ནས་དུས་ཐོག་ཏུ་རྗེས་སྙེག་བྱེད་པ་དང་ཆབས་ཅིག་ཤེས་པའི་གནད་དོན་གསར་པ་ཐག་གཅོད་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།