ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་པའི་གནས་ཚུལ་ལ་རྩ་འཛུགས་རྟོག་ཞིབ་བྱེད་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་པའི་གནས་ཚུལ་ལ་རྩ་འཛུགས་རྟོག་ཞིབ་བྱེད་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། ཟླ་གསུམ་པའི་ཟླ་དཀྱིལ་ལ་རྟོག་ཞིབ་བྱ་བའི་ཚན་ཁག་ཉེར་དགུ་རྩ་འཛུགས་བྱས་ཏེ་ས་གནས་སོ་སོས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱེད་རྒྱུ་ཐག་བཅད།

བརྡ་ཐོའི་ནང་ཕྱོགས་ལྔའི་རྟོག་ཞིབ་གནད་ས་གཏན་འཁེལ་གསལ་བོ་བྱས། གཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་དང་འཚམ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་སྒྲིག་ལམ་མྱུར་དུ་བཙུགས་པའི་གནས་ཚུལ། གཉིས། རྫོང་ཁོངས་གཞིར་བཟུང་སྟེ་ཁུལ་དང་རིམ་པ་བཀར་ནས་གནད་ལ་འཁེལ་ཞིང་གོ་རིམ་ལྡན་པའི་སྒོ་ནས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་ཏེ། ཁེ་ལས་ལ་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པའི་ལས་བཟོ་བ་ཉུང་བ་དང་མ་དངུལ་དཀོན་པ། རྒྱུ་ཆའི་མི་འདང་བ། འདོན་སྤྲོད་ཕྲེང་སྦྲེལ་མཚམས་ཆད་པ་སོགས་ཀྱི་དཀའ་ཁག་ངོ་མ་ཐག་གཅོད་པར་རོགས་རམ་བྱས་པའི་གནས་ཚུལ། གསུམ། འགྲིམ་འགྲུལ་དངོས་རྫས་དུས་ལྟར་སྐྱེལ་འདྲེན་བྱེད་ཐུབ་པ་འགན་སྲུང་བྱེད་པ་དང་ཞིང་བ་ལས་བཟོ་བ་ཡང་བསྐྱར་ལས་གནས་དང་ལས་ཀར་ཞུགས་ཐུབ་པ་འགན་སྲུང་བྱེད་པ། ལས་གཞིའི་འཛུགས་སྐྲུན་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། རིམས་ནད་ཀྱིས་ཡང་བསྐྱར་དབུལ་ཕོངས་སུ་བཏང་བའི་ཞིང་བ་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པ། དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དམ་འཛིན་བྱེད་པ་སོགས་ཀྱི་གནས་ཚུལ། བཞི། དུས་སྐབས་རང་བཞིན་གྱི་སྒོ་ནས་ཁེ་ལས་ཀྱི་སྤྱི་ཚོགས་ཉེན་ཚབ་གྲོན་དངུལ་ཇེ་ཉུང་དུ་གཏོང་བ་དང་ཡང་ན་མེད་པར་བཟོ་བ། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་རིན་འཕར་ཁྲལ་དངུལ་ཇེ་ཉུང་དུ་གཏོང་བ་དང་ཡང་ན་མེད་པ་བཟོ་བ། ཁེ་ལས་ཆུང་འབྲིང་དང་དེ་མིན་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གིས་དངུལ་བུན་བསྐྱིས་པ་གནས་སྐབས་སུ་དུས་ཡུན་ཇེ་རིང་དུ་བཏང་ནས་སྐྱེད་ཀ་སྤྲོད་པ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་བྱས་པའི་གནས་ཚུལ། ལྔ། ས་གནས་ཏང་ཨུ་དང་སྲིད་གཞུང་། ཁེ་ལས། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་། མང་ཚོགས་བཅས་ཀྱིས་བཏོན་པའི་གནད་དོན་དང་བསམ་འཆར་ལ་ཉན་རྒྱུ་བཅས་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།