ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་དབུལ་ཐར་འགག་སྒྲོལ་གྱི་ཞིབ་བཤེར་གྲ་སྒྲིག་ལས་དོན་ཏན་ཏིག་གྱིས་བསྒྲུབ་དགོས་ཞེས་ནན་བཤད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་ཁབ་དབུལ་ཐར་འགག་སྒྲོལ་ཞིབ་བཤེར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་ཁབ་དབུལ་ཐར་འགག་སྒྲོལ་ཞིབ་བཤེར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ་གྲ་སྒྲིག་གི་ལས་དོན་ཁག་ཏན་ཏིག་ངང་སྤེལ་རྒྱུ་དང་། དབུལ་ཐར་འགག་སྒྲོལ་ལ་ཞིབ་བཤེར་བྱེད་པའི་དོན་ཆེན་འདི་ཡག་པོར་བསྒྲུབ་ནས་ཏང་ཀྲུང་དབྱང་གིས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་གཞི་གྲངས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་བྱས།

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། དབུལ་ཐར་འགག་སྒྲོལ་ལ་ཞིབ་བཤེར་བྱེད་པ་ནི་ཕྱོགས་ཡོངས་ནས་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་པ་དང་སྤུས་ཚད་མཐོ་བའི་དབུལ་ཐར་ལ་སྐུལ་འདེད་གཏོང་བའི་རྨང་གཞི་ཅན་གྱི་ལས་དོན་གལ་ཆེན་ཞིག་ཡིན་པས་དུས་ལྟར་ལེགས་འགྲུབ་འབྱུང་བར་དུས་ཚོད་ཐུང་བ་དང་ལས་འགན་ལྕི་སྟབས་ངེས་པར་དུ་གྲ་སྒྲིག་གི་ལས་དོན་ཁག་ཡག་པོ་བསྒྲུབ་པར་དམ་འཛིན་བྱེད་དགོས། དེ་མིན་མགྱོགས་མྱུར་སྒོས་གྲོང་ཁྱེར་དང་རྫོང་རིམ་པའི་ཞིབ་བཤེར་སྒྲིག་གཞི་འཛུགས་རྒྱུ་དང་ལས་ཀའི་འགྲོ་གྲོན་དོན་འཁྱོལ་ཡག་པོ་བྱས་ཏེ་ཞིབ་བཤེར་མི་སྣའི་དཔུང་ཁག་ལེགས་འདེམས་ཧྲག་སྒྲིག་བྱ་རྒྱུ་དང་། ཕྱོགས་བསྡུས་ཚོད་ལྟ་ཏན་ཏིག་བྱ་རྒྱུ་དང་ཞིབ་བཤེར་གྱི་ཇུས་གཞིར་ཕྱོགས་ཡོངས་ནས་ཚད་ལེན་ཚོད་ལྟ་བྱས་ཏེ་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་རུ་གཏོང་དགོས། ཞིབ་བཤེར་མི་སྣའི་གསོ་སྦྱོང་ལ་ཤུགས་བསྣན་ནས་ཞིབ་བཤེར་ནང་ཞུགས་མཁན་ཚང་མར་གཏན་འབེབས་ཀྱི་བླང་བྱ་དང་མཐུན་པར་ཁག་ཐེག་བྱེད་དགོས། ཞིབ་བཤེར་གྱི་དམིགས་ཚད་ཇུས་འགོད་དང་གྲངས་གཞི་ཐག་གཅོད་བྱེད་ཐབས་ཇེ་ལེགས་སུ་བཏང་ནས་ཚན་རིག་དང་མཐུན་པ་དང་། ཕན་ནུས་ལྡན་པ། ལག་བསྟར་ཐུབ་པ་བཅས་ཡོང་བར་ཁག་ཐེག་བྱེད་དགོས། ཞིབ་བཤེར་ལས་དོན་གྱི་སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་ཚོད་འཛིན་བྱ་ཐབས་དང་ལྟ་སྐུལ་འགན་འཁྲི་རྩད་གཅོད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཐེངས་འདིའི་ཞིབ་བཤེར་བྱས་འབྲས་བདེན་པ་དང་བློས་འགེལ་ཆོག་པར་ཁག་ཐེག་བྱེད་པ་དང་། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ལ་ཁག་ཐེག་ཐོབ་པར་ཁག་ཐེག་བྱེད་དགོས།

 ཧུའུ་ཁྲུན་ཧྭ་ཡིས་དབུལ་ཐར་འགག་སྒྲོལ་ལ་ཞིབ་བཤེར་བྱེད་པ་ནི་ཆབ་སྲིད་ཀྱི་ལས་འགན་ལྕི་མོ་ཞིག་ཡིན་པས་ངེས་པར་དུ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་གིས་སྤྱིའི་ཆ་ནས་བཀོད་འདོམས་བྱེད་པ་དང་། ཞིང་ཆེན་གྱིས་སྤྱིའི་ལས་འགན་དང་དུ་ལེན་པ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་བྱ་བའི་ལམ་སྲོལ་མཐའ་འཁྱོངས་བྱེད་དགོས། ས་གནས་ཁག་གིས་བཀོད་སྒྲིག་ཞིབ་ཚགས་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་རང་འགན་གཙང་སྒྲུབ་དང་མཉམ་ལས་གཞོགས་འདེགས་ཡག་པོ་བྱས་ཏེ་བྱ་བར་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་ཞེས་བསྟན། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།